གདོད་མའི་ལྗོན་རྒན་ལགས།

ཁམས་སྨྱོན་ཧེ་རུ་ཀ        2022-08-10

རྨོ་མོ་ལགས་རྗེས་སུ་དྲན་པ།

རྨོ་མོ་ནི་མཐའ་མི་མངོན་པའི་ཞིང་ས་གཤིན་པོ་ཞིག་སྟེ། དབྱངས་གསལ་སོ་བཞིའི་མཛེས་སྡུག་མངོན་པའི་སྙན་ངག་མང་པོ་ཞིག་གི་སྙེ་མ་ཡིན། ལས་ཀྱི་ཐག་པས་ཁྱོད་ཉིད་ངའི་རྨོ་མོར་བཅིངས། མཚན་རིང་རེ་རེ་དང་ཤུགས་རིང་རེ་རེའི་འཇབ་རྒོལ་ཁྲོད་ནས་སྐྱོ་བའི་མཆི་མ་རུམ་གང་བསྐྱུར་ནས་འཇིག་རྟེན་འདིར་ཁ་གྱེས།

ལོ་ཟླས་བརྐོས་པའི་རྒས་གཉེར་རི་མོ་དང་བགྲང་དཀའ་བའི་གཏམ་རྒྱུད་ཅིག་གི་མཇུག་བྱང་བསྐྱུར་ནས་བཞུད་སོང་། ངའི་མི་ཚེའི་བཤུལ་ལམ་རིང་མོའི་དགའ་སྡུག་གི་རི་མོ་དེ་སྐྱོ་བ་དང་སྡུག་བསྔལ། ཁྱོད་རང་ཀྱག་ཀྱོག་གི་མི་ཚེ་རི་ཆུ་དང་ལ་ལུང་རྔུལ་ཁྲག་གིས་བརྒལ་ནས་མི་ཚེའི་ཕུགས་བསམ་དང་དམིགས་འབེན་དེ་ནམ་ཡང་སར་མ་གཡུགས་ནས་དྲོད་ལམ་ལམ་དང་།འཛུམ་དམུལ་ལེར་བཞུད་སོང་།

ལོ་ཟླའི་རླུང་འཚུབ་ཀྱི་གཙུབ་བརྡར་ཁྲོད་དུ། སེམས་ཀྱི་ན་བུན་སྐྲ་འདབས་ལ་བསྒྱུར་ཅིང་ནམ་མཁའི་སྐར་ཚོགས་ལྟར་བཀྲ་བའི་མི་ཚོགས་ཤིག་ལ་ནམ་ཡང་ཁེད་མི་སྲིད་པའི་དུངས་པ་དང་བརྩེ་བ་ཞིག་ཤུལ་དུ་བསྐྱུར་ནས་མུན་ནག་གི་འཇིག་རྟེན་ནས་ལྷོད་ཤིག་གེར་དང་། ཁུ་སིམ་མེར་འོད་སྣང་གིས་ཁྱབ་པའི་གླིང་དེར་ཆས་སོང་།

ཟིང་ཟིང་གི་འཁོར་བ་ལ་ལྗན་ལྗིན་གྱི་འདབ་རྫོབ་ཏུ་སྒོམ། འཕགས་མ་ཆེན་མོ། འབབ་བཞིན་པ་ནི་འཇམ་ཐིང་ཐིང་གི་སྦྲང་ཆར་ཡིན་ལ། ཐོས་བཞིན་པ་ནི་ཁེར་རྐྱང་གི་གོམ་སྒྲ་ཁོ་ན་ལགས། ཀྱེ་ཧུད། སྟོང་སང་སང་གི་འཇིག་རྟེན་ཞིག་ངའི་མིག་ངོར་ལྷུང་། སོས་མེད་ཀྱི་རྨ་ཁར་བཟོད་དཀའི་ཟུག་གཟེར་རབ་ཏུ་ལྡང་བའི་ང་རང་ཁུ་སིམ་མེར་དང་། འཇམ་ཐིང་ཐིང་དུ་ཟུག་རྔུ་འདི་མྱོང་བ་ལས་ཅི།

བརྗེད་དཀའ་བའི་གདོད་མའི་ལྗོན་རྒན་ལགས། ཁྱེད་ཀྱིས་ང་ཚོའི་ཡིད་ངོར་འཆར་ཡན་གྱི་རི་མོ་སྣ་ཚོགས་བསྐྱུར་ནས་འདོད་མོས་ཀྱི་ལམ་བུ་དེ་བཙལ་བ་ནས་བཟུང་། ང་ཚོའི་མིག་ཀོང་ནས་བརྡོལ་བའི་མཆི་མའི་ཕྲེང་ཐིགས་ཆུ་ཁའི་ལྦུ་ཕྲེང་ལྟར་སྦྲོན་ཅིང་སྐྱོ་སེམས་ཀྱི་ངུ་ངག་རྐང་འོག་ནས་འབོར་མ་མྱོང་།

 


  • ལེ་ཚན་སྔོན་མ།:སེམས་དཔའ་ཆེན་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།