ང་རང་ཆེས་དགའ་སའི་མི་ཞིག་ལ་གདམས་པ།

སྦྲུལ་ཞགས།        2022-08-03

ང་རང་མི་ཞིག་ལ་དགའ་བ་ནས་བཟུང་། ནམ་རྒྱུན་ང་རང་མི་དེ་ཁོ་ནའི་ཆེད་དུ་གསོན་པ་ལྟ་བུ་སྣང་། ཐ་ན་སྐད་འཕྲིན་གྱི་ཚོམས་ནས་ཀྱང་མི་དེས་ང་རང་ལ་སེམས་ཁུར་གྲངས་མེད་དུ་སྟེར་མྱོང་བར་མ་ཟད་མི་ཞིག་གིས་ཁྱོད་ལ་འབྲེལ་འདྲིས་བྱེད་པ་མཐོང་ཚེ་དེ་ལས་ཀྱང་ང་རང་ལ་མི་སྐྱིད་མི་བདེ་བའི་ན་ཟུག་ངང་གིས་སྐྱེ་བཞིན་འདུག། དེ་ལྟ་ནའང་དོན་ངོ་མར་ང་རང་ལོ་སྣེ་ཟླ་མཐུད་ཀྱི་ངང་དུ་དགའ་སྐྱོའི་ཤོག་ལྷེ་རིང་མོ་རེ་རེ་འདི་ལྟར་བསྒྱུར་དགོས་སམ། ཡང་ན་ངའི་སེམས་ཀྱི་ཟབ་སའི་ཟབ་ས་ན་ཁྱོད་རང་ནམ་ཡང་འདི་ལྟར་ཆེས་སྙིང་དུ་སྡུག་ཅིང་བརྟན་བརླིང་གི་ངང་བཞད་ཐུབ་བམ། ཡང་ན་ཁྱོད་ཀྱིས་ང་རང་ལ་འདི་ལྟར་ནམ་ནམ་ཞར་ཞར་དུ་སྡུག་གི་ཁུར་བོ་ཁུར་དུ་བཅུག་སྙིང་འདོད་དམ། རེད།ཏག་ཏག་རེད་རྒྱའི་ཁ་དཔེ་ཞིག་ལ་"དཔལ་བོ་མཛེས་མའི་འཕྲང་ནས་བརྒལ་དཀའ" ཞེས་པ་ལྟར་ང་རང་ཡང་ཁྱོད་ཀྱི་བརྩེ་དུང་གི་རྙི་ལས་བརྒལ་དཀའ་བ་འདྲའོ། །ཀྱེ་བླ་མ་དཀོན་མཆོག་གསུམ་པོ་མཁྱེན། ལན་ཆགས་འདིས་རྐྱེན་པས་ངས་ཁྱོད་རང་ལ་ནམ་རྒྱུན་དགའ་སྐྱིད་ཀྱི་རོལ་དབྱངས་ཐག་ཐག་ཏུ་དཀྲོལ་གྱིན་ཡོད་ལ། ངས་ཁྱོད་ཀྱི་ཆེད་དུ་བྱ་གཞག་མང་པོ་མང་པོ་ཞིག་བློས་གཏོང་ཡང་བྱེད་མྱོང་ངོ་།།ཁྱོད་ཀྱིས་ཀྱང་ང་རང་ལ་ཆེས་གཅེས་ཤིང་སྤྲས་པའི་སྙིང་གཏམ་མེར་མེར་དུ་འཆད་ཅིད་བརྩེ་བའི་འདབ་བརྒྱ་ལྷུག་པར་གྲོལ་མྱོང་བས་ཡིན་ནོ།།མ་གཞི་ནི་ཁྱོད་ཀྱི་ང་ལ་དགའ་དུང་གི་རི་མོ་འདི་ལྟར་འབྲི་འགོ་རྩོམ་བ་ནས་བཟུང་ངས་དུས་རྒྱུན་སྐུད་མེད་ཀྱི་དྲྭ་སྒང་འདི་ནས་རྟག་པར་ཁྱོད་ཀྱི་བརྩེ་འཕྲིན་ལའང་སྒུག་གི་ཡོད། ཉེ་བའི་མི་ཡིན་ན་ཡང་ངས་ཁྱོད་ལ་མཉམ་ཤི་མཉམ་གསོན་གྱི་འཚོ་བ་རོལ་ཞེས་གཏམ་དེ་གཏན་ནས་གློད་མ་མྱོང་ལ། མ་ཟད་གློད་སྙིང་གི་སྤོབས་པ་དང་སེམས་ཤུགས་དེ་བས་ཀྱང་མེད་དོ།།རྒྱུ་མཚན་ཅི་ཞེ་ན། འུ་གཉིས་ཇི་ལྟར་མཐུན་ན་ཡང་མཐའ་མ་འབྲལ་བ་སྲིད་པའི་ཆོས་ཉིད་ཀྱི་གྲུབ་པར་མ་ཟད་ང་རང་ཁེར་རྐྱང་གི་ལམ་ཁ་འདིར་གོམ་ཁ་དང་པོ་ཕྱོགས་པ་ནས་བཟུང་ཞུམ་པ་མེད་པའི་དམ་བཅའི་རི་མོ་ཞིག་སེམས་སུ་བཀོད་དེ་ཁུ་སིམ་སིམ་འཚོ་བ་ལ་དབུ་འཁྱུད་བྲིས་པ་ཡིན་ནོ།།ཉེ་བའི་མི་ཁྱོད་ཀྱིས་སྐད་ཆ་འདི་སེམས་སུ་ཉར་རོགས། ཁྱོད་ཀྱིས་སྐད་ཆ་འདི་ཅི་ནས་ཀྱང་སེམས་སུ་ཉར་རོགས་ཨང་།

ད་ནི་འུ་གཉིས་གཏམ་རྒྱུད་ཅིག་གིས་རྒྱལ་ཕམ་དང་དགའ་སྐྱོའི་བྱུང་རིམ་བཞིན་ངས་ཀྱང་ཆ་ཡོད་རྒྱུས་ཡོད་ཀྱི་ཁྱོད་རང་ལ་ཞེན་འཛིན་གྱི་མདུད་ནག་ཤུགས་ཀྱིས་བཀྲོལ་སྙིང་འདོད། ང་རང་ཁྱོད་ལ་ཧ་ཅང་དགའ་ཞིང་དུང་བ་ཟབ་ན་ཡང་ངས་ཁྱོད་ལ་གུ་ཡངས་ཤིག་གཏང་དགོས་ཅིས་ནས་ཀྱང་གཏང་དགོས། རྒྱུ་མཚན་གང་ཞེ་ན། ཁྱོད་ལའང་མ་འོངས་པའི་དམིགས་འདུན་ཟབ་མོ་ཞིག་ཏན་ཏན་ཡོད་རྒྱུ་རེད་ལ་ཡོད་ཀྱང་དེ་བས་དགོས། ཡང་གཅིག་བཤད་ན་ཁྱོད་ཉིད་སྔར་ལས་ཀྱང་མཚར་སྡུག་འོད་སྟོང་འབར་བའི་འཚོ་བ་གསར་པ་ཞིག་ལ་དབུ་འཁྱུད་འབྲི་དགོས་པའང་ཁྱོད་ཀྱི་ལམ་ཁ་དང་འཚོ་བ་ཁོར་ཡུག་དག་གིས་གསལ། ད་དུང་ཨ་མ་ཞེས་པའི་གཉོམ་དུང་དུང་གི་ཐ་སྙད་འདི་མཐའ་ཡས་པའི་རྩྭ་ཐང་ནས་སྙིང་ཉེ་བའི་གསེར་སྦྲང་ཞིག་གིས་ལང་ཚོའི་འདབ་མ་བཞད་པའི་མེ་ཏོག་དང་བརྩེ་འདང་གིས་གཞི་གཅིག་ཏུ་འདྲེས་པ་བཞིན་ཁྱོད་ཀྱིས་ཀྱང་ཁོག་ཡངས་ཤེས་རྒྱས་ཕྱུག་པའི་སྟག་ཤར་ཞིག་དང་སྟངས་སྟབས་ཀྱི་གར་ལ་རོལ་བཞིན་དགའ་མཉམ་རོལ་དང་སྡུག་མཉམ་ཁུར་གྱི་གཡུང་དྲུང་གི་རི་མོ་བཀོད་ལེགས་ཤིག་མ་བཅོས་སེམས་སུ་བཀོད་དེ་ཕན་ཚུན་ལ་ཚེ་ཡི་ལྷག་མ་གཏོང་ཐུབ་པར་སྨོན། ཉེ་བའི་མི་ཁྱོད་རང་མི་ཚེ་བདེ་སྐྱིད་་ལྡན་པར་ཤོག།



  • ལེ་ཚན་སྔོན་མ།:ང་དང་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།