ཕུགས་འདུན་གྱི་ཁ་དོག།

སྒོ་སྤྲེའུ་ངེས་དོན།        2022-08-03

ང་ཡི་ཕུགས་འདུན་ནི་དཀར་

པོ་ཞིག་ཡིན།

དུས་གསུམ་གཤེགས་པའི་རླབས་ཆེན་

གྱི་སྐྱེས་བུ་དམ་པ་དག་དང་།

སྙིང་ཉེ་ཞིང་བཀའ་དྲིན་ཆེ་བའི་

སེམས་ཅན་ཐམས་ཅད་ལ་

དཀར་གསལ་འོ་མའི་མཆོད་པ་

དང་ལྷད་མེད་པའི་ཁ་བཏགས་

དཀར་པོ་ཞིག་འབུལ་ན་འདོད།

ང་ཡི་ཕུགས་འདུན་ནི་ལྗང་ཁུ་ཞིག་ཡིན།

སྐྱ་ཟད་སྔོ་སྡུག་ཏུ་གྱུར་བའི་མ་ཡུམ་

ས་ཡི་གོ་ལ་དང་།

ཉམ་ཐག་པའི་ནད་པ་དང་འཕྲོད་

བསྟེན་གྱིས་དབུལ་བའི་ཡུལ་གྲུ་དག་ལ་

ལྗང་མདོག་གིས་སྤུད་པའི་ན་བཟའ་

དང་བདེ་ཐང་གི་ལྗང་མྱུག་རེ་རེ་

འབུལ་ན་འདོད།

ང་ཡི་ཕུགས་འདུན་ནི་སྔོན་པོ་ཞིག་ཡིན།

མུན་པས་བསྒྲིབས་པའི་ཉིན་སྲིབ་གང་དང་།

ཕུགས་འདུན་གྱི་གཤོག་ཟུང་རྐྱོང་

པའི་རྒོད་པོ་དག་ལ།

གཡའ་དག་ཅིང་མཐའ་ཀླས་པའི་རང་

དབང་གི་ནམ་མཁའ་ཞིག་

འབུལ་ན་འདོད།

ང་ཡི་ཕུགས་འདུན་ནི་དམར་པོ་

ཞིག་ཡིན།

དྲག་ཏུ་མཆོང་ལྡིང་བྱེད་བཞིན་

པའི་སྙིང་གསོན་པོ་འདི་དང་།

ཕྱགས་དར་དུ་ལུས་པའི་ཡིག་འབྲུ་

དག་བཏུས་ནས།

དགའ་སྐྱོ་ཟུང་གིས་དམར་ལྷོག་ལྷོག་ཏུ་

འཕྱུར་བའི་སྙན་ངག་ཅིག་བྲིས་ཏེ་

ཀློག་པ་པོ་ཁྱེད་ལ་འབུལ་ན་འདོད།



  • ལེ་ཚན་སྔོན་མ།:ཟེགས་མ་ནག་མོ།
  • ལེ་ཚན་རྗེས་མ།:སྙན་འཇེབས་ཁུར་བའི་གཞོན་མ།