《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་བཀོད།

བདེ་ཆེན་གྱིས་བསྒྱུར།        2022-08-02

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ7པའི་ཚེས31ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ8པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས15པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》འགྲེམས་སྤེལ་བྱས་པ་རེད།

    གསུང་རྩོམ་ནང་བསྟན་དོན། མི་དམངས་དམག་དཔུང་གི་ལོ་རྒྱུས་ངོ་མཚར་ཆེ་བ་ནི་ཁྲག་དང་ཚེ་སྲོག་ལས་གྲུབ་པ་ཞིག་ཡིན་པས། ང་ཚོས་ནམ་ཡང་བློ་ལ་བརྟན་པོ་ངེས་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ནི་དཀའ་སྤྱད་འཚོལ་ཞིབ་བྱས་ནས་ཐོབ་པ་ཞིག་ཡིན་པས། ང་ཚོས་ནམ་ཡང་དར་སྤེལ་གཏང་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་འཕེལ་རྒྱས་ནི་བློ་དཀར་སེམས་དཀར་གྱིས་འགན་འཁྲི་ཁུར་ནས་སྐུལ་འདེད་བཏང་བ་ཞིག་ཡིན་པས་ནམ་ཡང་ང་ཚོར་སྐུལ་མ་གཏོང་གི་ཡོད། ཀྲུང་ཧྭ་མི་རིགས་སྡུག་བསྔལ་ལས་གྲོལ་བ་དང་ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་དེ་མི་དམངས་ཀྱི་དམག་དཔུང་རྟུལ་ཕོད་ཅན་ལ་རག་ལས་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་དུ་འགྱུར་བ་དང་ཀྲུང་གོའི་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་དགོས་ན། ངེས་པར་དུ་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་གང་མགྱོགས་འཛུགས་སྐྱོང་བྱ་དགོས།

     གསུང་རྩོམ་ནང་བསྟན་དོན། 1927ལོའི་ཟླ་བ8པའི་ཚེས1ཉིན། ནན་ཁྲང་གྲོང་འགོའི་མེ་མདའི་སྐད་སྒྲ་གྲགས་པ་ནས་བཟུང་། རང་རེའི་ཏང་གིས་དྲག་ཤུགས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་ངོ་རྒོལ་བྱེད་འགོ་ཚུགས་ཡོད། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་མི་དམངས་དམག་དཔུང་གིས་དཔའ་ངར་ཆེན་པོས་ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་འཐོབ་པ་དང་བདེ་སྐྱིད་འཚོལ་བའི་ཆེད་དང་། ཀྲུང་ཧྭ་མི་རིགས་རང་བཙན་དང་བསྐྱར་དར་ཡོང་བའི་ཆེད་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དུ་ཞུགས་ཏེ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད། ལོ་ངོ90ཡི་རིང་ལ། མི་དམངས་དམག་དཔུང་གིས་དམག་འཐབ་དྲག་པོ་བརྒྱུད་དེ་དཀའ་ངལ་ཁྱད་བསད་དང་བློས་གཏོང་ཆེན་པོས་འོད་སྟོང་འཕྲོ་བའི་རྒྱལ་ཁ་ཡང་ཡང་ཐོབ་པ་དང་། ཏང་དང་མི་དམངས་ཆེད་དུ་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད།

    གསུང་རྩོམ་ནང་བསྟན་དོན། ཡུན་རིང་གི་ལག་ལེན་ཁྲོད་མི་དམངས་དམག་དཔུང་ཏང་གི་དར་ཆའི་འོག་མདུན་དུ་བསྐྱོད་དེ་དམག་འཛུགས་དམག་སྐྱོང་གི་རྩ་དོན་ཆ་ཚང་ཞིག་གྲུབ་པ་དང་། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་བཏང་སྟེ། ཐུན་མོང་མ་ཡིན་པའི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱས་ཡོད། མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྟོབས་ཤུགས་རླབས་པོ་ཆེ་མངོན་ཡོད་ཅིང་། ཕུགས་བསམ་དད་སེམས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་ཡོད་ལ། བཅོས་བསྒྱུར་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་ཡོད། དམག་འཐབ་སྙིང་སྟོབས་རླབས་པོ་ཆེ་མངོན་ཡོད་ལ། གསར་བརྗེའི་སྒྲིག་ཁྲིམས་སྟོབས་ཤུགས་རླབས་པོ་ཆེ་མངོན་ཡོད། དམག་དམངས་མཐུན་སྒྲིལ་གྱི་སྟོབས་ཤུགས་རླབས་པོ་ཆེ་ཡང་མངོན་ཡོད་པ་རེད། ཏང་གིས་དམག་ལ་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་སྐྱོང་བའི་རྩ་བའི་འགན་སྲུང་ཡིན་པ་ལོ་རྒྱུས་ཀྱིས་ང་ཚོར་ངོ་སྤྲོད་བྱས་ཡོད། འདི་ནི་ང་ཚོའི་ཏང་གིས་ཁྲག་དང་མེ་ཁའི་འཐབ་རྩོད་ཁྲོད་ནས་ཐོབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཡིན། ཕུགས་བསམ་དང་དད་སེམས་བླ་ན་མེད་པ་ནི་མི་དམངས་དམག་དཔུང་ཞུམ་མེད་མདུན་དུ་སྐྱོད་པའི་བསམ་པའི་སྟོབས་ཤུགས་ཡིན་ཞིང་། བཅོས་བསྒྱུར་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་བྱ་རྒྱུ་ནི་མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཡངས་པོ་ཡིན། དམག་འཁྲུག་ནི་དངོས་པོའི་འགྲན་སྡུར་ཡིན་པར་མ་ཟད་བསམ་པའི་འགྲན་སྡུར་ཡང་ཡིན། སྒྲིག་ཁྲིམས་རང་བཞིན་ཆེ་རུ་བཏང་ན་གསར་བརྗེར་རྒྱལ་ཁ་ཐོབ་ངེས། དམངས་སེམས་གཏད་ཕྱོགས་དང་དམངས་ཀྱི་བློ་ཁ་ཕྱོགས་ས། དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བཅས་ཡོད་པ་ཡིན་ན་མི་དམངས་དམག་དཔུང་ཕྱོགས་གང་དུ་བསྐྱོད་ཀྱང་རྒྱལ་ཁ་ཐོབ་ཅིང་འགྲན་ཟླ་དང་བྲལ་ཐུབ།

      གསུང་རྩོམ་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་གི་བཀོད་འདོམས་ལ་ཉན་པ་དང་གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་གནས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ལྡན་གྱི་དམིགས་འབེན་དུ་བཏོན་ཡོད། དུས་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་ཀྱི་མཛུབ་སྟོན་གསར་གཏོད་དང་། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་གཏན་འབེབས་བྱས་ཏེ། མི་དམངས་དམག་དཔུང་གི་ཆབ་སྲིད་ཁོར་ཡུག་བསྐྱར་སྐྲུན་དང་། རྩ་འཛུགས་ཀྱི་རྣམ་པ་བསྐྱར་སྐྲུན། སྟོབས་ཤུགས་ཀྱི་མ་ལག་བསྐྱར་སྐྲུན། སྤྱོད་ཚུལ་གྱི་རྣམ་པ་བསྐྱར་སྐྲུན་བཅས་ཐུབ་ཡོད་པ་རེད། མི་དམངས་དམག་དཔུང་བསྐྱར་སྒྲིག་གི་རྣམ་པ་བསྐྱར་དུ་གཏོད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་དམག་དཔུང་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་འགན་ལེན་བྱ་དགོས་པ་དང་།ཏང་གི་དམག་དོན་ཁྲིད་སྟོན་གྱི་རིགས་པའི་གཞུང་ལུགས་ངེས་པར་དུ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་མར་ཁེ་སིའི་རིང་ལུགས་ཀྱི་དམག་དོན་རིག་པའི་གཞུང་ལུགས་དང་དེང་རབས་ཀྱི་ཀྲུང་གོའི་དམག་དོན་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་རྒྱུན་མི་ཆད་པར་གསར་གཏོད་བྱ་དགོས། ངེས་པར་དུ་དམག་གྲབས་དང་དམག་འཐབ་ལ་ཐོག་མཐའ་བར་གསུམ་དུ་དམིགས་ཏེ་བསྐངས་ན་ཡོང་ཐུབ་པ་དང་།ཡོང་ན་འཐབ་ཐུབ་པ།འཐབ་ན་རྒྱལ་ཐུབ་པ་བཅས་ཀྱི་དམག་ཧྲག་དཔུང་སྡེ་སྟོབས་ལྡན་བསྐྱང་དགོས། ངེས་པར་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་།བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས།ངེས་པར་དུ་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དམག་དམངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་བསྐྲུན་དགོས།ངེས་པར་དུ་བློ་གཅིག་སེམས་གཅིག་གི་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ།ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་ཡིད་ཆེས་དང་།མི་དམངས་ཀྱིས་བརྩི་འཇོག།མི་དམངས་ཀྱིས་དགའ་ཞེན་བཅས་བྱེད་པའི་བུ་སྤུན་དམག་ཅིག་འཛུགས་སྐྱོང་བྱ་དགོས།

    གསུང་རྩོམ་ནང་བསྟན་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་།གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བྱས་རྗེས་འབུལ་མཁན།རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ཡིན་པས། ཀྲུང་གོའི་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་རེད། ཀྲུང་གོའི་དམག་དཔུང་གིས་སྔར་བཞིན་རྒྱལ་སྤྱིའི་དམག་དོན་སྤེལ་རེས་དང་མཉམ་ལས་བྱེད་ཅིང་།གོ་ལ་ཧྲིལ་པོའི་བདེ་འཇགས་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་འཚམ་པའི་འགན་འཁྲི་དང་འོས་འགན་ཧུར་ཐག་བསྒྲུབས་ཏེ་འགྲོ་བ་མིའི་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཧུར་ཐག་འབུལ་རྒྱུ་ཡིན།།

  • ལེ་ཚན་སྔོན་མ།:ཁམས་ཨོ་ཐོག་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་རིག་གནས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།