ཧྲེན་དབྱང་གིས་ཁུལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་།

ཐུབ་ཀྱིས་བསྒྱུར།        2022-08-02

དུས་ཆེན་གྱི་སྨོན་འདུན་ཞུས་ནས་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་གླེང་།

ཧྲེན་དབྱང་གིས་ཁུལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་། 

    ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ95འཁོར་བའི་དུས་དང་བསྟུན། སྤྱི་ཟླ7ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི། དཀར་མཛེས་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཧྲེན་དབྱང་གིས་དཀར་མཛེས་རྫོང་དང་།རྟའུ་རྫོང་དུ་ཁུལ་བཅའ་སྡོད་དཔུང་སྡེར་འཚམས་འདྲི་དང་དམག་ཞབས་ནས་འཐེན་པའི་དམག་མིར་འཚམས་འདྲི་གནང་བ་དང་འབྲེལ་ཁོ་ཚོ་བརྒྱུད་ནས་ཁུལ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག། དམིགས་བསལ་ཉེན་རྟོག་པའི་འཐབ་འཛིང་པ། མེ་ཟོན་རོགས་སྐྱོབ་དཔུང་སྡེའི་བཀོད་འཐབ་པ། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ། དམག་ཞབས་ནས་འཐེན་པའི་དམག་མི། དམག་མིའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཡང་གནང་བ་རེད།

   ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་།ཁུལ་ཨུའི་རྒྱུན་ཨུ་དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཆིའུ་ཞའོ་ཉིང་བྱེད་སྒོར་ཞུགས་ཡོད་པ་རེད།

ཧྲེན་དབྱང་གིས་ཁུལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་།དཀར་མཛེས་རྫོང་དུ་གཞི་རིམ་གྱི་དཔོན་དམག་ལ་འཚམས་འདྲི་ཞུ་བཞིན་པའི་ཚུལ།
    ཧྲེན་དབྱང་དང་བཅས་པ་སྔ་རྗེས་སུ་དཀར་མཛེས་རྫོང་མི་དམངས་དྲག་ཆས་པུའུ་དང་དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག་གསུམ་པའི་བཅའ་སྡོད་སྦྱོང་བརྡར་རྟེན་གཞི་སོགས་སུ་ཕེབས་ནས་གཞི་རིམ་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ་དང་། ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་སྦྱོང་བརྡར་དང་།སློབ་སྦྱོང་།འཚོ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་ཞིང་། དཔུང་སྡེ་འཛུགས་སྐྱོང་གི་གནས་ཚུལ་ངོ་སྤྲོད་དང་དམག་དཔུང་དང་ས་གནས་ཀྱི་གཉིས་བཀུར་མཉམ་སྐྲུན་ཤུགས་ཆེན་གཏོང་བའི་བསམ་འཆར་དང་གྲོས་འགོར་གསན་པ་རེད།
   ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་ཁུལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་བརྟན་ལྷིང་འཕེལ་རྒྱས་ཡོང་ཆེད་བྱས་རྗེས་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དཀར་མཛེས་ཁུལ་ནི་གསར་བརྗེའི་ཁྲག་རྒྱུན་སིམ་ཡོད་པའི་ས་གཞི་ཆེན་མོ་ཞིག་ཡིན་ཞིང་།དམར་དམག་རྒྱང་སྐྱོད་ སྐབས་ཁམས་པའི་ས་གཞི་ཆེན་མོར་གསར་བརྗེའི་ས་བོན་བཏབ་པ་དང་། དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་བསྐྱོད་དེ། ཏང་སྲིད་དམག་དམངས་བཅས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་གནམ་སར་འཐབ་པའི་གངས་ལྗོངས་ཀྱི་གླུ་དབྱངས་རིང་པོ་བྲིས་ཡོད། དུས་རབས་གསར་པར་སླེབས་རྗེས། ཁུལ་བཅའ་སྡོད་དཔུང་སྡེས་ཆབ་སྲིད་ཀྱི་རང་རྟོགས་ཆེན་པོ་དང་ཁྱོན་ཡོངས་ཀྱི་འདུ་ཤེས་དྲག་པོ་བཅངས་ཏེ། ཏང་ལེགས་སྐྱོང་གི་སྙིང་སྟོབས་དང་།རྒྱང་སྐྱོད་ཀྱི་སྙིང་སྟོབས།བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས།“ལམ་གཉིས”ཀྱི་སྙིང་སྟོབས་བཅས་དར་སྤེལ་གང་ལེགས་བཏང་ཞིང་། དམག་གྲབས་དང་། གྲབས་སྦྱོང་། ལས་འགན་སྒྲུབ་པ་སོགས་སྣ་མང་ཅན་གྱི་དམག་དོན་ལས་འགན་གཟེངས་སུ་ཐོན་པའི་ངང་བསྒྲུབས་པ་དང་།ཁུལ་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་།དཔལ་འབྱོར་འཛུགས་སྐྲུན། ཉེན་སེལ་གནོད་སེལ། འཚུབ་བསྟུན་ཐག་གཅོད། མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་གཞག་ཁག་ནང་ཧུར་ཐག་ཞུགས་པ་དང་། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་ཟིལ་རྔམ་ལྡན་པའི་དཔུང་སྡེ་དང་། ཡ་རབས་ལྡན་པའི་དཔུང་སྡེ། རྒྱལ་ཁའི་ དཔུང་སྡེ། དམངས་གཅེས་དཔུང་སྡེ་བཅས་ཀྱི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱས་པ་རེད།
ཧྲེན་དབྱང་གིས་ཁུལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་།དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག་གསུམ་པའི་བཅའ་སྡོད་སྦྱོང་བརྡར་རྟེན་གཞིར་དཔུང་སྡེའི་ལོ་རྒྱུས་རྒྱུས་ལོན་གནང་བཞིན་པའི་ཚུལ།

    ཧྲེན་དབྱང་གིས་བསྟན་དོན། ད་སྔར་རང་རེའི་ཁུལ་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་ བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཆབ་སྲིད་ལ་དང་དོད་དང་།འཕེལ་རྒྱས་དམ་དུ་འཛིན་པ།དམངས་འཚོར་ཕན་པ། བདེ་འཇགས་འགན་ལེན་བཅས་ཀྱི་ལས་ཀའི་སྤྱིའི་བསམ་ཕྱོགས་གཞིར་བཟུང་ཞིང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་གཏན་འཁེལ་བྱས་པའི་སྤྱིའི་ལས་ཀའི་བཀོད་སྒྲིག་དམིགས་ཏེ་མཐུན་སྒྲིལ་དང་།འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བཞིན་ཡོད། མདུན་སྐྱོད་ཀྱི་ལམ་དུ་ དམག་དཔུང་དང་ས་གནས་དམག་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱ་རྒྱུ་དང་ཁ་བྲལ་ཐབས་མེད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དཔོན་དམག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ། ནམ་ཡང་ལྷག་བསམ་ཟོལ་མེད་དང་། ལྷད་མེད་དྭངས་གཙང་། བློས་འགེལ་ཆོག་པ་ཡིན་པ། དམག་འཐབ་ཀྱི་སྤྱོད་ཚུལ་ལ་བརྩོན་པ། དངོས་འཐབ་ཀྱི་འཇོན་ཐང་སྦྱོང་བ། དམག་འཐབ་ཀྱི་ནུས་པ་སྐྱེད་སྲིང་བཅས་བྱས་ནས་དམག་གྲབས་ཀྱི་སྦྱོང་བརྡར་ལེགས་སྒྲུབ་བྱེད་པ་དང་དུས་མཉམ་དུ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ནང་མུ་མཐུད་དེ་ཞུགས་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་རྒྱུན་བཞིན་དཔུང་སྡེའི་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་ཁག་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་པ་དང་། གཉིས་བཀུར་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། དམག་སྲིད་དང་དམག་དམངས་དབུགས་ལམ་གཅིག་གྱུར་དང་།བདེ་སྡུག་མཉམ་མྱོང་།གཅིག་སེམས་གཅིག་འབྲེལ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་འབྲེལ་བ་བརྟན་དུ་བཏང་ནས་མཉམ་ཤུགས་གཅིག་སྒྲིལ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་དེ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་དགོས། 

    ཁུལ་བཅའ་སྡོད་དཔུང་སྡེའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོ་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་ཤིང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དམག་དཔུང་དང་ས་གནས་བར་གྱི་མཉམ་ལས་སྔར་བས་ཆེ་རུ་གཏོང་བ་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་ཏེ་མཐུན་སྒྲིལ་དང་།འབྱོར་ཕྱུག། འཆམ་མཐུན།མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།


ཧྲེན་དབྱང་གིས་ཁུལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་།དམག་ཞབས་ནས་འཐེན་པའི་དམག་མིར་འཚམས་འདྲི་གནང་བཞིན་པའི་ཚུལ།

       བཅར་འདྲི་བྱེད་རིང་ཧྲེན་དབྱང་ད་དུང་རྟའུ་རྫོང་མ་ཟུར་ཡུལ་ཤོག་ཚལ་སྤུ་གྲོང་ཚོའི་དམག་ཞབས་ནས་འཐེན་པའི་དམག་མི་མ་ཝུན་ལིན་གྱི་ཁྱིམ་དུ་བསྐྱོད་དེ་ཁོང་དང་བསམ་ཚུལ་བརྗེ་རེས་བྱས་པ་རེད། ཧྲེན་དབྱང་གིས་དམག་ཞབས་ནས་འཐེན་པའི་རྒྱ་ཆེ་བའི་དམག་མིར་དམག་མིའི་རང་བཞིན་ནམ་ཡང་རྒྱུན་འཛིན་བྱ་དགོས་པའི་ལྕག་སྐུལ་གནང་བ་དང་།དམག་ཞབས་ནས་འཐེན་ཀྱང་དམག་གི་སྙིང་སྟོབས་མི་འགྱུར་བ་དང་། “འབོད་ཡོང་ན་ཡོང་ཐུབ་པ་དང་།ཡོང་ན་འཐབ་ཐུབ་པ།འཐབ་ན་རྒྱལ་ངེས་ཡིན་པ”བཅས་ཀྱི་སྙིང་སྟོབས་ཞུམ་མེད་དར་སྤེལ་བཏང་སྟེ་ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་སྣང་ཆེན་བྱེད་ཅིང་ཡུལ་མི་ཚོར་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་ཕ་ཡུལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་བསྐྲུན་དགོས། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་དམག་ཞབས་ནས་འཐེན་པའི་དམག་མིའི་འཚོ་བར་སྔར་བས་སེམས་ཁུར་བྱས་ཏེ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ནས་ཚང་མར་ཏང་དང་སྲིད་གཞུང་གི་གཅེས་སྐྱོང་དང་ཐུགས་ཁུར་ཚོར་ཐུབ་པ་བྱ་དགོས་པའི་མངགས་བཅོལ་གནང་བ་རེད།

     ཁུལ་མགོ་ཁྲིད་ཡོན་མིང་ཀོང་དང་།སྐལ་བཟང་གཡུང་དྲུང་། ཕུའུ་ཡུང་ཧྥེང་། བསོད་ནམས་དབྱངས་ཅན། དཀར་མཛེས་རྫོང་དང་། རྟའུ། ཁུལ་དམག་ཞབས་ནས་འཐེན་པའི་དམག་མིའི་ལས་དོན་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་ལས་ཀྱིས་འབྱོར་འབྲིང་ལམ་བུ་བཏོད།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་དམག་མི་བྱས་རྗེས་ཅན་གྱི་ཁྱིམ་མིར་རྟེན་འབྲེལ་ཞུས།
  • དོ་སྣང་ཆེ་བའི་རྩོམ།