གངས་སྨྱུག། 2022-07-29
ཕ་ཡུལ་ནི་དྲན་གདུང་དང་ཞེན་ཆགས་
ཀྱི་འཁྲེང་སེམས་སྣུམ་པོ་ཞིག།
ཚོར་སྣང་གང་མང་ཞིག་གི་བློ་ཕུགས་བཅོལ་ས་ཡིན།
ཕ་ཡུལ་ནི་སྙན་ངག་དང་དུང་སེམས་
ཀྱི་མེ་ལོང་བཙའ་རོ་ཞིག།
དགའ་སྐྱོ་རྫོགས་མེད་ཅིག་གི་སེམས་པ་གླན་ས་ཡིན།
ཕ་ཡུལ་ནི་རེ་བ་དང་རྨི་ལམ་གྱི་ཟེའུ་འབྲུ་མངར་མོ་ཞིག།
ཕྱིར་མིག་ཁྲི་ཕྲག་གི་དབུ་ཁྱུད་འབྲི་ས་ཡིན།
ནམ་ཡང་ཕ་ཡུལ་གྱི་མཛེས་དཔལ་ལ་ཞེན་
པའི་མིག་ཟུང་གཉོམ་པོ་འདིའི།
དྲན་ངོས་སུ་ཡལ་མི་ནུས་པའི་རི་ཆུ་ཞིག་
ལྷོད་ཀྱིས་བཤམས་ཡོད།
ཟླ་བ་སྒོར་སྒོར་དུ་སྣང་བའི་རི་གྲོང་དེ་ནི་ངའི་ཕ་ཡུལ་ཡིན།
དྲན་པ་ལྷོག་ལྷོག་ཏུ་འཕྱུར་སའི་ཡུལ་སྡེ་
དེ་ནི་ངའི་ཕ་ཡུལ་ཡིན།
རང་ཉིད་རང་ལ་དབང་བའི་རྨི་ལམ་
འཚོལ་སའི་ཡུལ་སྡེ་སྨུག་པོ་སྟེ།
ཡིད་སེམས་སུ་འཁོར་སླ་ཞིང་ནམ་ཡང་ཕྱིར་
ལོག་འདོད་སའི་ས་ཆ་དེ་ཅི་ལ་མིན།
ས་ཆེན་གྱི་ཕྲག་སྟེང་ལ་བུད་ཡོད་མཁན་ཁྱེད་
རང་ཡིན་པས།
སྒམ་བརླིང་དང་གཟབ་ནན་ཁོ་ན་
ཁྱེད་ལ་འཚམས་པའི་རུམ་དྲོ་ཡིན།
འཇིག་རྟེན་གྱི་རང་བཞིན་རྟོགས་ཡོད་
མཁན་ཡང་ཁྱེད་རང་ཡིན་པས།
སྟོང་ཉིད་དང་སྙིང་རྗེ་རྐྱང་བ་ཁྱེད་ཀྱི་མཐའ་
འཁོར་ལ་འཁོར་བའི་མཁའ་དབུགས་ཡིན།
ཁྱེད་རང་ཁོ་ན།
རང་ཉིད་ལ་དབང་བའི་འཇིག་རྟེན་ཞིག་གི་བདག་པོ་ཡིན་ཞིང་།
རེ་སྨོན་དང་དད་འདུན་གྱིས་སྐྱོར་བའི་ཞིང་ས་ཡིན།
ཀི་རིང་ལན་གསུམ་སྐྱོར་དུས།
རྒྱང་རིང་སྦྲ་ནག་འགྲམ་གྱི་སྒོ་ཁྱི་
གཉིད་ལས་དཀྲོགས་ས་ཕ་ཡུལ་ཡིན།
ཤུག་གླུ་ཐེངས་གསུམ་སྐྱོར་དུས།
གཡུ་གཞོང་ཐང་ཆེན་སྔོན་མོར་སྙེ་མའི་
མགོ་ལྕོག་ལྡེམ་ས་ཕ་ཡུལ་ཡིན།
བློས་བླངས་ཀྱིས་བཞེངས་མི་ནུས་པའི་
གཟུགས་བརྙན་གང་ཞིག།
ཡུལ་འདིའི་རི་ཆུ་ལུང་གསུམ་གྱི་མཛེས་པ་རུ་ཤར་ཡོད་ཅིང་།
དབྱངས་གསལ་གྱི་བརྗོད་མི་ནུས་པའི་ཞེན་ཆགས་གང་ཞིག།
ཡུལ་འདིའི་འདས་མ་ད་གསུམ་གྱི་ཕྲེང་བ་རུ་བརྒྱུས་ཡོད།
ཕ་ཡུལ་གྱི་ནམ་མཁའ།
ཕ་ཡུལ་གྱི་སྤྲིན་དཀར།
ཉི་ཟླའི་བྱིན་རླབས་ཀྱིས་བསྐྱངས་པའི་ར་བ་གོར་གོར།
སྐྱེ་འགྲོའི་བརྩེ་སེམས་ཀྱིས་བསྐྲུན་པའི་སྒོ་ར་གྲུ་བཞི།
ནམ་རྒྱུན།
ནང་སེམས་སུ་ཆུད་ཟིན་པའི་ཡིག་འབྲི་རྙིང་བ་དེ་ཁྱོད་ཡིན་ཞིང་།
སེམས་ངོས་སུ་དཔྱང་ཡོད་པའི་དར་དཀར་གྱི་
ཡོལ་བ་དེའང་ཁྱོད་ཡིན།
ཁྱོད་ཀྱི་གམ་ན་ཡོད་དུས།
ཁྱོད་ནི་ཡིད་ཀྱི་རྒྱ་ཁྱོན་ལྟར་གཞལ་མི་ནུས་
པའི་ཁོར་ཡུག་དེ་ཡིན་ཞིང་།
རྒྱང་རིང་ན་ཡོད་དུས།
ཁྱོད་ནི་སྙིང་གི་ནང་ངོས་སུ་ཡོད་པའི་
དྲོད་ཀྱི་ཤ་མདངས་དེ་རེད།
ཁྱེད་རང་ལྟ་བཞིན་ནར་སོན་ཞིང་།
ཁྱེད་རང་སྒོམ་བཞིན་རྒྱང་རིང་ལ་ཆས་པའི་ང་རང་།
འབྱུང་འགྱུར་གྱི་ཁུག་སྣེ་ཞིག་ཏུ་སླེབས་དུས།
སླར་ཡང་ཁྱེད་ཀྱི་པང་དུ་ཕྱིར་ལ་ལོག་ངེས།
རྒྱུ་མཚན།
ང་ཡི་ནང་སེམས་ཀྱི་མེ་ལོང་ཁྱོད་ཡིན་ཞིང་།
འཚོ་གནས་ཀྱི་རྒྱབ་རི་ཡང་ཁྱོད་ཡིན་ནོ།།
རྩོམ་གསར། 10