དབྱར་སྐྱིད།

གཞི་ཚང་ཟླ་བ་གྲགས་པ།        2022-07-19

དབྱར་སྐྱིད་བཏང་ཤུལ་གྱི་སྤང་སྐྱིབས།

གསུང་རབ་ཁྲོད་ཀྱི་དམྱལ་ཁམས་

དང་འདྲ།

ཚ་ལམ་ལམ་དབལ་གྱི་ཉི་མས་

ཚ་དམྱལ་གྱི་ན་ཟུག་སློང་།

ཚུར་ཚུར་གཅར་བཞིན་པའི་གྲིབ་

སོས་གྲང་དམྱལ་གྱི་མཚན་ཉིད་སྟོན།

བསྐམ་རྙིད་ཤོར་བའི་རྩྭ་ལྡུམ་

ཚོགས་དང་འདྲ་བར།

ང་རང་འདི་ལྟར་དམྱལ་བའི་

ཁམས་ལ་ལྷུང་།

གྱེར་ཟ་རི་བོའི་ཕྲག་གོང་ནས།

བདག་གི་མགོ་བོར་ཉི་འོད་ཀྱིས་

བྱིལ་བྱིལ་གནང་ཡང་།

ངའི་མིག་མདུན་གྱི་མུན་པ་གཏན་

ནས་མ་སངས།

གླིང་བར་གྱི་མུན་པ་ཆེན་པོ་

ལས་སྟུག་པའི་སྨག་རུམ།

ང་ཡི་བྱང་ཁོག་ཏུ་བརྫངས་རྗེས་

ག་ལེར་ཕ་རོལ་ཏུ་བཞུད་སོང་།

མ་འོངས་པའི་ཤོག་ལྷེའི་ངོས་ནས།

ང་རང་དབྱར་སྐྱིད་ཅེས་པའི་ཡིག་

འབྲུ་འདི་དང་གདོང་ཐུག་རྒྱག་ངེས།

རས་གུར་ནང་ནས་ཀྱང་རྨི་ལམ་གྱི་

རྩེད་འཇོ་ལ་ལོངས་སུ་སྤྱད་ངེས།

དེ་ལྟ་ན་ཡང་། སྐད་ཅིག་མའི་

བཀའ་ཆད་ཀྱིས།

ཉི་འོད་དང་ལྷན་ཅིག་ཏུ་འཚེར་

བའི་ལྷན་འཛོམས་དེ།

ཟླ་འོད་དང་མཉམ་དུ་འཛུམ་

པའི་དགོད་སྒྲ་དེ།

སླར་ཡང་ག་ལ་སྲིད། ག་ལ་སྲིད།

ལག་པས་མ་ཟིན་པ་དེ་དག

ལོ་ཟླས་ཁྱུར་མིད་བཏང་སོང་བ་དེ་དག

མཚན་མོ་ཡུག་གཅིག་བརྒལ་རྗེས་

ཀྱི་ཉི་མ་དང་འདྲ་བར།

སླར་ཡང་། ཤར་ཕྱོགས་རི་བོའི་

རྩེ་ནས་འཆར་རྒྱུ་བྱུང་ན་ཨང་།



  • ལེ་ཚན་སྔོན་མ།:རིག་འཛིན་མགུར་ཐུང་།
  • ལེ་ཚན་རྗེས་མ།:ཨ་མས་ཡི་གེ་བསླས་པ།