རིག་འཛིན་མགུར་ཐུང་།

ཁམས་པ་རབ་དབྱངས།        2022-07-18

བས་མཐའི་རི་སུལ་འདི་ག་ནས། །

ངེས་འབྱུང་རླུང་བུ་སིལ་སིལ་ལྡང་། །

ཨེ་མ་ཞི་བའི་ལྡིང་ཁང་ནས། །

རྒྱུ་འབྲས་ལམ་གྱི་འབབ་སྟེགས་རྙེད། །

བདེ་ཆེན་ཞི་བའི་ཕོ་བྲང་དུ། །

འོད་གསལ་གནས་ལུགས་ལྷང་ལ་བུད། །

སྣང་སྟོང་དབྱེར་མེད་ཤར་བའི་རྗེས། །

རྣམ་དག་ལམ་གྱིས་རྩེན་ས་ཟིན། །

སྣང་བའི་རྣམ་རྟོག་མ་འཁྲུགས་པར། །

ཏིང་འཛིན་སྒོམ་ཐག་ལྷོད་ཀྱིས་གྲོལ། །

ཉམས་རྟོགས་མེ་དྲོད་མ་བོར་བར། །

སེམས་ཉིད་ངལ་བ་རིང་དུ་གསོ། །

སྤྲིན་དཀར་ལང་ལོང་གཡོ་བའི་རྗེས། །

སྡོང་ལོ་འདབ་མ་སིལ་སིལ་འཐོར། །

ཀུན་རྟོག་འགྱུ་བ་འཕྲོས་ཚུལ་འདི། །

མི་རྟག་ཉམ་ངའི་ཟློས་གར་ཡིན། །

ཀུན་རྟོག་འགྱུ་འཕྲོ་འདི་དག་ལ། །

རང་སེམས་གཉུག་མའི་ངོ་བོ་བཏུལ། །

མི་གཡོ་བརྟན་པའི་སེམས་ཉིད་འདི། །

སྟོང་བའི་རང་སེམས་གཤིས་སུ་སོན། །

སྣང་བ་གྲོལ་བའི་གླུ་དག་ལ། །

རིག་བྱེད་ངག་གི་མདུད་པ་བཤིག །

འཁོར་འདས་ས་ལམ་རི་མོ་ནས། །

གཟུང་འཛིན་འཆིང་བ་ཀུན་ལས་གྲོལ། །

བརྗོད་དོན་འཚང་བའི་མགུར་ཐུང་འདི། །

ཚིག་གི་གྲིབ་བསིལ་རེ་རེ་ལ། །

བདེ་ཆེན་སྲོག་གི་དབྱངས་རྟ་སྦྲུམ། །

འདུ་བྱེད་སོར་མོའི་སྒྱུ་འཕྲུལ་རྩེན། །

ཁྱེད་ནི་བརྩེ་བའི་ཉི་མའི་གཉེན། །

མཐོང་བའི་མོད་ལ་རབ་ཏུ་མཛའ། །

རྣམ་དག་ཞི་བའི་བདེན་པ་ཉིད། །

བདག་ཉིད་ཁྱེད་ལ་རབ་ཏུ་བཀུར། །

ཞི་བའི་ནགས་ཚལ་གཏིང་རིམ་ནས། །

སྒོམ་པས་ཕུ་ཐག་ཆོད་པའི་རྗེས། །

རྟེན་འབྱུང་ལམ་གྱི་གྲུ་གཟིངས་སུ། །

འཇུག་པའི་སྐལ་བཟང་རབ་ཏུ་འཚེངས། །

སེམས་ཉིད་རང་བཞིན་གསལ་བའི་རྗེས། །

རིག་འཛིན་གྲུབ་པའི་འབྱམས་ཀླས་སུ། །

ཉམས་རྟོགས་གླུ་ཡི་མགུར་ཐུང་འདི། །

མགྲིན་པའི་སྦུག་ནས་གྲེ་བ་བསངས། །


  • ལེ་ཚན་སྔོན་མ།:ཚོར་བའི་གྲུ་ཁེམ་ཐོགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།