འདས་གྲོང་དུ་བརྫངས་པའི་བདག་གི་བརྟུལ་ཞུགས།

རྐྱང་ཉུལ་གདོང་ནག།        2022-07-13

སེམས་ཀྱི་ཚོར་བརྗོད་རི་མོར་ཕབ་སྟེ་ཚིག་གིས་འབྲི་བར་བརྩམ་པ་ན། །

དབྱངས་ཅན་ལྷ་ཡིས་བྱིན་རླབས་སྩོལ་ཅིག་སྙན་པའི་གྲུ་ཆར་འདི་རུ་ཕོབས། །

ཚུགས་ཐུབ་མིན་པའི་ཅ་ཅོའི་གཏམ་ཉོག་མཆིལ་བའི་ཐལ་བཞིན་འདོར་བ་ལས། །

ཕུགས་མེད་ལུང་མེད་རྡོ་ཆག་ལྷུ་བསྒྲིགས་སུ་ཡི་ཡིད་ལའང་མཛའ་ལེ་མིན། །

ཕྱིར་མིག་ཙམ་པོ་འཕངས་པ་ཡིས་ཀྱང་ངོ་རེ་གནོངས་པའི་སྤུ་ཟིང་གཡོ། །

སྨྲ་བརྗོད་འཇའ་གཟུགས་སྤྲས་པོ་འདི་ལ་བཞི་ཁྲེ་སྒམ་སྒམ་ཅི་རིགས་མཆིས། །

ལོ་འཁོར་བརྗེས་པའི་ཟླ་མཇུག་ཅིག་ལ་གདོང་ནག་སེམས་པ་སྨྲེང་བཞིན་གདའ། །

གོ་རིག་འཚོལ་ན་དཔུང་ཤུགས་ཞན་པའི་སྡར་མའི་གཅོང་བ་མ་ཡིན་མོད། །

མི་ཚེ་གང་བོར་མི་བཞིན་གསོན་ཡང་མི་ཡི་བསམ་བློར་སོན་མེད་པས། །

ཕར་ལྟ་ཚུར་བལྟས་ག་ལེར་བྱས་པས་དལ་འབྱོར་རྙེད་གོ་ཆོད་མེད་སྙམ། །

དགེ་འདུན་ལྷ་སྡེའི་ཁྲིམས་ར་དཀྱིལ་གྱི་དམ་ཚིག་གཙང་མའི་སྡོམ་པ་དབེན། །

གྲུབ་པ་སྒོམ་ཆེན་ཉམས་རྟོགས་ཅན་འདྲ་གནས་ཚུལ་མཇལ་བའི་དབང་པོ་རྟུལ། །

མཁས་མང་འདུས་པ་ཐལ་སྒྲའི་གསེབ་ཏུ་ལུང་རིགས་ངར་སྒྲའི་རྔམ་རྫིག་དབུལ། །

མི་རྗེ་ལམ་སྟོན་བཟང་པོ་ཀུན་ལྡན་སློབ་དཔོན་མགུ་བའི་ཤེས་དཔལ་མེད། །

བསྟན་པའི་བྱིན་ཆགས་དབུ་ལ་བཏེགས་ཤིང་མིག་དཔེ་གདོད་པའི་རྣམ་དཔྱོད་བྲལ། །

མཆེད་པོ་སྤུན་གྲོགས་སློབ་ལ་བསྐུལ་བའི་མཁས་པའི་གདམས་པ་བདག་ལ་མེད། །

ཕ་མ་སྤུན་སྲིང་རེ་འདོད་སྐོང་བའི་ནུས་མཐུ་ཏིལ་ཙམ་མེད་པའི་ཁར། །

དུས་རབས་སྤྱི་ཚོགས་རྒྱས་པའི་དུས་འདིར་ཚིམ་པའི་སྒོར་མོས་རྟག་ཏུ་དབུལ། །

གཞུང་བརྒྱར་མཉན་པའི་གྲལ་ཟུར་ཞུགས་ཀྱང་གོ་བློ་ཉིན་མོ་སྐར་བཞིན་དབེན། །

གསུང་སྟོང་ཐོས་པའི་འབངས་སུ་གཏོགས་ཀྱང་སྨིན་པའི་བྱིན་རླབས་རྡུལ་ལས་ཉུང་། །

མཁས་གྲུབ་རིགས་པའི་རྒྱ་མཚོ་དཀྱིལ་ན་ཡུད་ཙམ་ཟིན་པའི་སྐལ་དམན་བུ། །

ཚེ་ཕྱེད་ཐོས་བསམ་གླིང་དུ་བསྐྱལ་ཡང་གྲུབ་འབྲས་བཟང་ཆ་གང་ནའང་མེད། །

ཆོས་གྲྭ་རིགས་པའི་བྱང་རྩལ་ཐང་དུ་ལྐུག་པའི་ཟོལ་གྱིས་མི་ཚེ་ཟད། །

བགྲོ་གླེང་བློ་རིག་དཀྲུགས་པའི་དཔུང་དུ་བླུན་པོའི་སྨྲ་བརྗོད་དབྱེ་ལ་འཇིགས། །

གསུང་ཁྲིད་སྒྲོན་མེ་ལྷན་ནེར་སྦར་དུས་གཏི་མུག་སྣང་བ་དབྱིངས་ལ་འདྲེས། །

ལོ་ཟླ་དལ་འགྲོས་ག་ལེར་གཤེགས་ན་འཆི་བའི་ལམ་ཐག་ཇེ་ཉེར་གྱུར། །

ཉིན་དང་ཞག་གི་བང་རིམ་གསེང་དུ་ངལ་མེད་འབུངས་ཀྱིས་དཀའ་བ་སྤྱད། །

སེམས་ཀྱི་རེ་འདུན་རི་བོ་ཙམ་ཞིག་སོང་བའི་རྒྱབ་ཏུ་ཁུར་ཡང་མྱོང་། །

སློབ་ལ་སྦྱོར་བའི་བརྩོན་འགྲུས་བརྩམ་འགྲོ་ཞེ་མཐིལ་རུས་ནས་བསམ་ཡང་མྱོང་། །

སྦྱངས་པའི་ཉིང་ཁུ་དྲི་ཙམ་ཞིག་ཀྱང་བརྟགས་པའི་མིག་གིས་མ་རིག་ཐལ། །

དཀོར་གྱི་མེ་མུར་གཤིན་པའི་ལོངས་སྤྱོད་བདག་གིར་བཟུང་བའི་རང་སྣང་མཐོ། །

ལྷ་ཚོགས་དགྱེས་པའི་གཏོར་མ་དག་ཀྱང་ཁ་ཚིག་ཚང་པོ་འཁྱོལ་མེད་ཅིང་། །

བཏོན་པར་དག་ཀྱང་སེམས་ཀྱི་དམིགས་པ་ཅི་དང་གང་ཡང་བཟུང་ཤེས་བྲལ། །

སེར་གོས་སྤྲས་ཀྱང་ཁྲམ་པའི་ཞད་ཀྱིས་གཞན་གནོད་གཞི་བཅས་བྱས་ཤུལ་ཡོད། །

ཕལ་བའི་མི་ཚོགས་ཧུར་ལ་བརྩོན་པའི་དེང་རབས་ཅན་གྱི་འགག་མདོ་ནས། །

བརྒྱ་སྡེ་གཞུང་ཆེན་སློབ་ལ་འབུངས་ཤིང་སྟོང་སྡེ་འཇིག་རྟེན་བསྐྲུན་ལ་རེམ། །

ཁ་ཅིག་ཁ་ཟས་རག་ལ་རྩོལ་ཞིང་འགའ་ཞིག་སྐད་གྲགས་ཆོད་ལ་སེམས། །

ཤག་ཆུང་དག་པའི་ལྡིང་ཁང་འདི་རུ་གདོང་ནག་གཉིད་ཀྱི་སྔུར་བ་འཐེན། །

གསོན་པའི་འདུན་པ་ཀུན་ལ་ལྡན་ཡང་ཕལ་ཆེར་གསོན་པས་ཚེ་འདིར་སེམས། །

གདོང་ནག་ཚེ་རབས་གཏན་གྱི་ཕྱིར་དང་འགྲོ་དོན་བསྒྲུབ་སླད་གསོན་ལགས་ན། །

འཇིག་རྟེན་བསྒྲུབ་པའི་ཕལ་བའི་མི་དང་སེམས་སྤོབས་བསྡུར་རྒྱུ་མེད་ནོ་ཅི། །

བསམ་ཞིང་དྲན་ཞིང་ངུ་དགོད་བསྲེས་པའི་ཚོར་བ་རག་རོག་སྙིང་ལ་གཙེས། །

རྨི་ལམ་ཟེར་བའི་ཚིག་འབྲུ་གཉིས་པོ་བདག་ལ་འཚམ་པོ་མེད་ནོ་རེད། །

དགའ་ཕྱོགས་ཞེས་པའི་འཁྲེང་ཞེན་དེ་ཡང་བདག་ལ་མེད་ན་དེས་ཆོག་མོད། །

གནས་བཅུའི་ཚལ་དུ་བག་མེད་ཡོལ་བའི་གསེར་གྱི་རིན་ཐང་ལྡན་པའི་དུས། །

རྣམ་གཡེང་རྐྱང་པས་ཟད་དུ་བཞག་ན་སུ་ཡི་ཐུགས་དང་མི་འཕྲོད་པས། །

གཤིན་པོ་ལྟ་བུའི་འཕྲུལ་ནོར་དག་དང་རིང་དུ་རྒྱང་ཐག་ཆོད་བྱེད་ཅིང་། །

མ་འོངས་མདུན་ལམ་མཛུབ་མོས་སྟོན་པའི་དགེན་གྱི་ཁ་ཚིག་ཡིད་ན་རུལ། །

ལས་བསོད་ཞན་པའི་ཕོ་ངན་གདོང་ནག་རང་ལོ་ཉི་ཤུས་མནན་པའི་ཁར། །

མི་ཚེའི་ཟེའུ་འབྲུ་སྒོམ་དུ་ཡོད་པའི་ལས་གང་མ་འགྲུབ་སྡུག་རེ་མུག །

ཡོད་དགུ་ཕུང་བའི་དྲྭ་ལམ་ཉུལ་བས་ཐོད་ལ་རྒས་པའི་ཆུ་རིས་དོད། །

འཁྲུལ་བའི་རྣམ་ཤེས་ཤེལ་ངོར་ཅེར་ཏེ་གཟུགས་བརྙན་གཡོ་བའི་སྟབས་ལ་ཆགས། །

རྒྱལ་ཕམ་གཉིས་ཀྱི་འཐབ་རེས་གསེབ་ནས་ཉིན་མོ་ལྟོ་ཡང་བརྗེད་འགྲོ་གདའ། །

ཁ་རྩོད་གཉིས་ཀྱི་འཁྲལ་འཁྲུལ་བར་ནས་མཚན་མོ་ཉལ་ཡང་ཆག་རྗེས་ཡོད། །

ལང་ཚོ་རྫོགས་པ་གཞོན་པའི་རྣམ་དཔྱོད་དུས་རབས་འཕྲུལ་གྱི་བྲན་དུ་འཁོར། །

འཛམ་གླིང་འཆར་བའི་ཁ་པར་གཡེང་ནས་སྔ་དྲོ་ཕྱི་དྲོ་མི་གསལ་ཁུལ། །

ཆོལ་གསུམ་བོད་མིའི་མགོ་རྣ་ཚོང་སའི་ཐད་གཏོང་ཁང་དུ་སྤྱན་མིག་བརླགས། །

ཞིབ་འདང་ལྷོད་པོས་འཕར་འཚག་རྒྱག་དུས་ཅིས་ཀྱང་མི་སྨྲེང་ཐབས་མེད་དོ། །

མཚན་མཆོག་དུ་མའི་བརྒྱན་གྱིས་སྤྲས་པའི་བླ་མ་དྲན་པའི་མཁའ་ནས་ཡལ། །

རིག་གཞུང་མང་པོའི་ནང་དོན་རྟོགས་པའི་སློབ་དཔོན་བསམ་པའི་གཏིང་ནས་རུབ། །

རིགས་པའི་ཐལ་ལྕག་མཉམ་གཅིག་བརྡབས་པའི་མཆེད་པོ་དམར་ཆུང་སྙིང་དང་བྲལ། །

ལྷ་ཁང་འདུ་ཁང་དཀྱིལ་ནས་འཐུལ་བའི་བསུང་ངད་ཡིད་ཀྱི་ཁམས་ན་དབུལ། །

གནས་ལྔ་རིག་པའི་གཞུང་ལུགས་སློབ་པའི་འདུན་པ་ཏིལ་འབྲུ་ཙམ་པོ་བ། །

རྣམ་གཡེང་སྒྱིད་ལུག་ཞག་གིས་ཟིན་པས་ནུབ་རི་རྩེ་མོའི་ཉི་བཞིན་བྱོན། །

ལུས་ཕུང་མི་ཡི་བྱད་གཟུགས་འདི་ནི་ལྕགས་རིའི་དཀྱིལ་ནང་གནས་མོད་ཀྱང་། །

སེམས་སྣེ་རྒྱ་གྲོང་སྲང་མདོར་འཁྲིལ་སོང་ཀྱི་ཧུད་ད་ནི་དཀོན་མཆོག་མཁྱེན། །

རྐང་པ་ཁུར་བའི་སྟབས་ཀ་དག་གིས་གཞན་སེམས་བསླུ་བར་གདོན་ཟ་མིན། །

ཆེན་པོའི་ཟོལ་གྱི་ཀུན་སྤྱོད་བཅོས་མས་རྒྱུས་མེད་སྔ་སོར་ལྷག་པར་མཛེས། །

མི་སྔུན་ལྷག་བསམ་ལྡན་པའི་ཁུལ་གྱི་ཁ་ཚིག་རྣ་བར་སྙན་པོ་མས། །

ཆེས་བསྔགས་བསྟོད་པའི་གཏམ་ལ་རེ་ཡང་མི་ཚེའི་མདུན་ལམ་མི་རྙེད་པས། །

ཆས་ཤིང་ཆས་ཤིང་ཀུན་སློང་ཁྲ་བོ་སེམས་ཀྱིས་སྦུགས་ནས་འདོར་མོས་བསྐྱེད། །

གོམས་ཤིང་གོམས་ཤིང་འཆོས་པ་དེ་ཡང་ཆུ་སྣེ་ཡར་ལ་འཁྲིད་བཞིན་དཀའ། །

བློ་མིག་བཀུག་སྟེ་བསམ་གཞིགས་གནང་ན་མི་ཚེ་ཟེར་ཡང་འཁྲབ་སྟོན་ཞིག །

དྲན་གྱིན་དྲན་གྱིན་ཁུད་ལ་སྒུར་བཞིན་སྙིང་གཅོང་འགོ་བའི་ཉེན་སར་ལྷུང་། །

གཤགས་པའི་ས་ལམ་བགྲང་ལས་འདས་ཀྱང་རིན་དོད་ལམ་བུ་འཕྲོད་མྱོང་བྲལ། །

ན་ཚོད་ཅིག་གི་མཐུ་ལ་བསམས་ན་བག་མེད་ཟད་ན་མི་འགྲིག་ཀྱང་། །

རྨོངས་པའི་རུབ་ལས་སད་དུ་མེད་པའི་གླེན་པའི་རྟགས་འཆང་བདག་ཉིད་ནི། །

དུས་ཚོད་ལེགས་པོའི་རྗེས་འདེད་བགྱིས་ཀྱང་ལེ་ལོའི་སྨག་ལས་མ་ཐར་བས། །

གཤེགས་ཤུལ་སོང་ཤུལ་ཕྱིར་མིག་ལན་རེར་མིག་ཆུའི་རྒྱ་མཚོ་ངང་གིས་སྐྱོམས། །

རྗེས་ལུས་པགས་ཙག་འཕུད་ལ་དངངས་པས་གཞན་ཚོས་ཁྲེལ་དང་བརྙས་སར་གྱུར། །

གདོས་བཅས་ལུས་དབང་ཤུགས་ཀྱིས་གྲུབ་ཀྱང་རྐང་ཐང་མི་ཡི་རྗེས་ཟིན་མེད། །

འགྱངས་ཤིང་ལུས་པའི་མཐའ་མ་ཞིག་ལ་དལ་འབྱོར་མི་ལུས་ཆུད་དུ་ཟོས། །

དཔྱིད་སོས་སྣང་བ་དྭངས་མིན་སྐབས་སུ་འདུན་པའི་མིག་ཟུང་སྲ་མོར་བགྲད། །

དབྱར་གྱི་ཁྲ་ཚོམ་མེ་ཏོག་དཀྱིལ་ནས་རིག་པའི་ཤེས་རབ་དྲག་ཏུ་བརྡར། །

སྟོན་ལྗོངས་སྨིན་པའི་བཅུད་ལ་མ་ཆགས་ཤེས་བྱའི་མཁའ་དབྱིངས་རྟག་པར་བསྙེགས། །

དགུན་གསུམ་གངས་འཁྱགས་བསིལ་རླུང་ཁྲོད་ནས་ཉིན་མཚན་དུས་ཀུན་རིག་པ་སྦྱངས། །

མི་ཚེ་ནམ་ཕྱེད་མུན་ལམ་ཐེབས་ནས་འགྲོ་ལམ་སྐྱ་བོ་མི་གསལ་ཞིག །

མཚན་རྒྱུའི་གཤོག་འགྱུར་སྙན་ལ་ཕོགས་བྱུང་འཇིགས་སྣང་ངང་གིས་སྐྱེས་ནས་བྱུང་། །

རྩོལ་སྡུག་དྲག་པོས་ལམ་ཆས་བྱས་ཀྱང་འཚིངས་པའི་དངོས་པོ་མི་འདུག་པས། །

རང་བཞིན་སྡུག་གི་གཞིས་ཀ་དཀྱིལ་ནས་གདོང་ནག་སྨྲེང་བའི་ཆོ་ངེ་བཏོན། །

འདི་དང་དེ་བཞིན་མི་ཚེ་ཟད་ཤུལ་ཟིན་བྲིས་མེ་ཏོག་བཀྲམ་པ་ན། །

སྐབས་འགར་མཚན་མོ་ཆང་ལ་བརྐྱལ་ཞིང་མྱོས་པའི་གླེན་རྟགས་བསྟན་མྱོང་ཞིང་། །

ལན་རེར་ཉིན་མོ་དགོད་འཛུམ་གསེབ་ནས་སྙན་པའི་གླུ་ངག་བཀུག་ཀྱང་མྱོང་། །

དགའ་སྐྱོ་གཉིས་ཀྱི་སྲང་རྒྱ་དྲུད་པའི་འདས་གྲོང་མི་ཚེ་དྲན་པར་སྟིམས། །

དེ་དང་འདི་བཞིན་འཚོ་བའི་ཐབ་ཁུད་ཕྱིར་དྲན་མེ་ལོང་བརྐོས་པ་ན། །

ལན་འགར་རིགས་གཞུང་སྦྱངས་བརྩོན་གཉིས་ཀྱིས་ཉིན་མཚན་ཀུན་ཏུ་དཀའ་ཐུབ་སྤྱད། །

སྐབས་རེར་གཏི་མུག་སྦྲུལ་ཚང་སྦུགས་ནས་ནམ་སད་ནམ་ཁུག་བརྗོད་དུ་མེད། །

དཀའ་སྡུག་སྤེལ་མའི་རང་བཞིན་གྱུར་པའི་འདས་གྲོང་ལོ་ཟླ་ཡིད་ལ་དྲངས། །

ཚིག་ཕྲེང་མེ་ཏོག་དཀར་དམར་འདི་དག་མྱོང་ཚོར་གསོན་པོའི་གཟུགས་བརྙན་ཏེ། །

མི་ཚེ་ཡ་ཐོད་འདས་པའི་གྲོང་ནས་ཁྱེད་ལ་བཏུས་པའི་ལེགས་སྐྱེས་ཡིན། །



  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་རྣམ་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།