དབྱངས་ཀྱི་བདག་མོ།

ཇེང་།        2022-07-06

མཚན་མོའི་ལྟེང་ཀ་མཆིས་ཏེ་མདངས་ཆགས་པའི།།

འཛུམ་པའི་ཞལ་ལ་ཟླ་བའི་དཀྱིལ་འཁོར་ཚེས། །

ཡིད་འཕྲོག་པདྨའི་ཚལ་དུ་གར་ལ་རོལ། །

གདུང་བས་རྨི་ལམ་རིང་མོ་དབྱངས་སུ་འཐེན། །

ཉི་ཟླའི་རྨི་ལམ་བརྩེ་བའི་ཕྱོགས་སུ་འཁོར། །

ཡངས་བའི་འཇིག་རྟེན་སྟེང་གི་ཕང་བ་ནས། །

ཞེན་ཆགས་ལས་ཀྱིས་རྙེད་པའི་མེ་ཏོག་ལགས། །

ཁྱེད་ཉིད་གཅིག་པུ་ཚོར་འདུའི་ཀློང་ན་རུམ། །

ཆོས་ཉིད་བདེན་པའི་རྒྱུ་རྐྱེན་རྟེན་འབྲེལ་གྱིས། །

སྨྲ་བརྗོད་མུ་མཐའ་མེད་པའི་མཁར་རྫོང་དུ། །

ལས་དབང་གར་ལ་བགྱི་བའི་སྐྱོ་ངལ་རེ། །

གློ་རྡེག་རླུང་དང་རྡེབ་པས་བརྗེད་བྱང་གྱུར། །

ལང་ཚོའི་མཛེས་དཔལ་རྩལ་དགུ་རྫོགས་པའི་ཚེ། །

ནང་སེམས་སྤྲིན་དཀར་སྒང་དུ་འདྲེས་པ་བཞིན། །

མཚན་མོའི་ཡིད་ལ་བཏགས་པའི་དམ་ཚིག་སྟེ། །

སྙིང་རུས་པད་མ་འཁྱུག་པའི་མིག་འབྲས་ཡིན། །

མ་བཅོས་རང་བྱུང་གྲུབ་པའི་སྒེག་ཉམས་ཅན། །

ལྷན་སྐྱེས་ཡིད་གར་འོང་བའི་མཚོ་བྱུང་འཛུམ། །

མཐོང་གྲོལ་བདེ་བ་སྟེར་བའི་མཛེས་བྱེད་མ། །

སྙིང་དབུས་འཛུམ་པའི་བརྩེ་འདང་སྙིང་གར་སིམ། །

སྒྲ་དབྱངས་རོལ་མོས་སྙན་པའི་གར་སྟབས་བཞེངས། །

ཚངས་སྲས་སྙན་འཇེབས་རྒྱུད་མངས་དངོས་གྲུབ་དཔལ།།

རིག་བྱེད་ལྷ་ཡི་དྲུག་འགྱུར་དཀྲོལ་མཁས་མ། །

སྙན་པའི་དྲུག་འགྱུར་རྣ་བའི་དཔྱིད་དུ་འཇོ། །

དབྱངས་གསལ་མཛེས་སྡུག་སོར་མོའི་ཕྲེང་བ་རུ། །

ངོ་མཚར་མཐོང་བ་དོན་ལྡན་བདུད་རྩིའི་ཆར། །

ཤེས་རབ་ཉི་ཟླའི་དཀྱིལ་འཁོར་བམ་ཁ་བརྩེགས། །

ཟུང་འཇུག་ཕན་བདེའི་གོ་འཕང་འཐོབ་པར་ཤོག །

མཆུ་སྒྲོས་པད་མའི་ཚིག་གི་བཟི་ཉམས་ཀྱིས། །

འདོད་པའི་སྤྲིན་ཕུང་ཚོགས་དྲུག་ཐང་དུ་གད། །

བརྗོད་འདོད་དབྱངས་ཀྱི་མཆོད་པ་རབ་རྒྱན་པ། །

དབྱངས་ཅན་ལྷ་མོའི་ངག་གི་དངོས་གྲུབ་སྩོལ། །



  • ལེ་ཚན་སྔོན་མ།:ལས་ཀྱི་སྣེ་མོར་སིམས་པའི་རོལ་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།