སྒྲ་རྒྱན་སིལ་མའི་དབྱངས།

ཁམས་པ་རབ་དབྱངས།        2022-07-06

གཉུག་མའི་དབྱངས་ཀྱི་ངག་རིག་སིལ་སྒྲ་འདི། །

རྨད་བྱུང་འགྲོས་མའི་དབྱངས་རྟ་ལྷོད་ཀྱིས་ཁྱེར། །

ཚོགས་དྲུག་དབྱངས་རྟ་སྲོག་ཏུ་སྦྲུམ་པ་འདི། །

ངག་རིག་དབྱངས་ཀྱི་རྒྱུད་སྐུད་སུ་ལ་དཀྲོལ། །

རིག་བྱེད་ཚིག་གི་རྩ་མདུད་གྲོལ་བ་ན། །

བརྗོད་དོན་གླུ་ཡི་གྲེ་བ་ཇི་ལྟར་འཚངས། །

དབྱངས་ཀྱི་གདངས་ཆ་ཀུན་ཏུ་འཕྲོ་བ་ན། །

ཚིག་རྒྱན་སིལ་མའི་བརྡ་གླུ་སུ་ལ་ལེན། །

སྣང་བའི་ཀུན་རྟོག་འཕྱུར་ཐེངས་རེ་རེ་ལ། །

ཚིག་གི་ཟློས་གར་སེམས་ཉིད་ངོས་སུ་བཞད། །

རྟེན་འབྱུང་ངག་གི་སྒྱུ་འཕྲུལ་ཕར་ངོགས་ན། །

འཁོར་འདས་སྒྱུ་མའི་གླུ་ཆུང་ཁྱེད་ལ་ལེན། །

སྒྱུ་འཕྲུལ་ངག་གི་འཆར་ཡན་འདི་དག་ལ། །

སྡེབ་ལེགས་ཚིག་གི་མཛེས་པའི་ཉམས་སྣང་སྩོལ། །

ཚིག་རྒྱན་དབྱངས་ཀྱི་འཁྲི་ཤིང་འདི་དག་ལ། །

སོར་རྩེའི་རྒྱུ་མངས་ཁྱེད་ལ་སྩོལ་ཅིག་གུ། །

རྟེན་འབྱུང་ངག་གི་ཤུགས་གླུ་རིང་མོ་འདི། །

མཚོ་བྱུང་ལྷ་མོའི་བདག་ཡིད་ཁྱེད་ལ་སྲུང་། །

མྱོས་པའི་འདབ་མ་ཟུམ་པའི་རྒྱལ་མོ་འདི། །

བསྙེན་ཅིང་བཀུར་བའི་མཛའ་བ་ཁྱེད་ལ་བསྟེན། །

བདག་ཡིད་གདུང་བའི་ཚིག་གི་ངལ་བ་འདི། །

སྙན་པའི་ངག་གི་འདུ་བྱེད་སྒྲ་འབྱིན་ཅིང་། །

རྣམ་རྟོག་ལུས་གྱི་བ་སྤུ་གཡོ་བའི་རྗེས། །

རྗེས་ཆགས་བརྩེ་བའི་རྣམ་པ་ཁྱེད་ལ་གཡོ། །

མི་གཡོ་སྤྱན་གྱི་མཐའ་ལ་གཟིགས་པ་ཡིས། །

སེམས་ཉིད་སྣང་བ་བརྩེ་བའི་སྐྱབས་སུ་རེ། །

སྙན་ངག་ཡངས་པའི་ནགས་ཚལ་སྟུག་པོ་འདི། །

བཅོམ་ལྡན་རྒྱལ་མོའི་ཁྱེད་ལ་སྲུང་བར་མཛོད། །

ཁྱེད་ནི་ངག་གི་ཚིག་གཏེར་བྱེ་བའི་མཛོད། །

ཡིད་འགྱུ་ཚིག་གི་གདུང་བ་ཀུན་ཏུ་རྒྱུ། །

སྙིང་རྗེའི་སྤྱན་རས་གཟིགས་པ་མ་ལྷོད་པའི། །

སེང་ལྡེང་ནགས་ཀྱི་ལྷ་མོ་ཁྱེད་ཀྱིས་སྲུང་། །

དགའ་བྱེད་ཚལ་གྱི་རི་དྭགས་འཛིན་བྱེད་པའི། །

པདྨའི་མདངས་ཀྱི་འཛུམ་པ་བཀྲ་བའི་རྒྱུ། །

ངག་རིག་སྒྱུ་འཕྲུལ་རྩེན་པའི་དྲ་བ་ལ། །

ཁྱེད་ནི་མི་གཡོ་བརྟན་པའི་རི་རྒྱལ་བཞིན། །

ཚོགས་དྲུག་སྣང་བའི་འཛིན་པ་མ་ཆོད་ཀྱང་། །

ཚིག་གི་དིང་གླིང་བཞེངས་པའི་ཕར་ངོགས་སུ། །

རྣམ་རྟོག་རླུང་གི་སིལ་བུ་ཐོར་བའི་རྗེས། །

སྐྱོ་བའི་དྲིལ་ཆུང་འཁྲོལ་བའི་སྒྲ་དབྱངས་མ། །



  • ལེ་ཚན་སྔོན་མ།:གདུང་བའི་མགུར།
  • ལེ་ཚན་རྗེས་མ།:ལས་ཀྱི་སྣེ་མོར་སིམས་པའི་རོལ་དབྱངས།