གང་འདོད་དུ་བྲིས་པའི་མགུར།

གདོང་རིགས།        2022-07-01

རྣམ་དག་འབྱོར་རྟེན་གྱི་མཁར་ལ།།

དྲན་ཤེས་མེལ་ཚེ་ཡིས་སྲུང་ཡང་།།

ལྡོག་མེད་ལས་ཉོན་གྱི་དམག་ལ།།

ཡ་ལན་སྤྲོད་ཐབས་རང་མ་བྱུང་།།

ད་ནངས་རི་ཞོལ་གྱི་སྨུག་སྤྲིན།།

གླང་ཆེན་ཆུ་འཐུང་བཞིན་མཛེས་ཀྱང་།།

མི་རྟག་འཕྲུལ་འཁོར་གྱི་སོ་ཁས།།

རྒྱུས་མེད་གཤིན་ཡུལ་དུ་དེད་སོང་།།

ལས་ཉོན་རླུང་བུ་ཡིས་བདས་པའི།།

ངེས་མེད་མི་ཚེ་ཡི་ལོ་འདབ།།

བསམས་ནས་གང་བཞག་དེ་མ་རེད།།

མ་བསམ་ཕྱོགས་མེད་དུ་སྤུར་རོ།།

ལྡོག་མེད་རྐྱེན་ངན་གྱི་གཉེར་མ།

ཡ་ཐོད་དཔྲལ་ངོས་སུ་བབས་དུས།།

ཚེ་སྲོག་མར་མེ་ཡི་འགྱུར་བག།

ལས་ཀྱི་རླུང་གསེབ་ཏུ་གཟིམས་སོང་།།

སྤྲིན་དཀར་ལང་ལོང་གི་འགྱུ་བག།

གནམ་སའི་ཧྲག་བར་ལ་འཐེན་པ།།

མ་ངེས་མི་ཚེ་ཡི་ཆུ་རིས།།

ལས་ཀྱི་མཚོ་རླབས་ཀྱིས་སྐྱོམ་འདྲ།།

སོས་ཀའི་གནམ་ངོ་དང་འདྲ་བ།།

རེས་མོས་སྐྱིད་སྡུག་གི་ཁངས་ཆེན།།

འཁོར་བའི་རི་གྲོང་འདིར་འབབ་དུས།།

འགྱུར་མེད་གཏན་བདེ་དེ་འཚོལ་འདོད།།

ཞོགས་པའི་ན་བུན་ལ་ལྟོས་དང་།།

མཛེས་མཛེས་འཇོ་སྒེག་ཏུ་སྣང་ཡང་།

དབང་ཆེན་ཉི་གཞོན་དེ་སླེབས་དུས།།

ངེས་མེད་ས་མཐའ་རུ་ཉུལ་བ།།

སྒྲོ་ལྡན་མདའ་མོ་ཡི་ཉག་ག།།

སྲིད་པའི་ཕུན་ཚོགས་ཀྱི་གཞུ་མོར།།

ཆགས་ནས་དགྲ་ཚོགས་ཀྱི་མགོ་བོ།།

དུམ་བུར་གཅོད་པ་རང་མ་བྱུང་།།

བྱ་གཞག་འཇའ་ཚོན་གྱི་སྣང་བ།།

བལྟས་ན་ཟིན་པ་རེ་འདྲ་ཡང་།།

ལག་ཏུ་འཐོབ་རྒྱུ་ཞིག་མེད་པས།།

ངེས་འབྱུང་མེ་སྟག་དེ་བསླེབས་བྱུང་།།

ཚེ་འདིའི་བྱ་བྱེད་ཀྱི་སྣང་བ།།

ཐུན་གསུམ་རྨི་ལམ་དང་འདྲ་བ།།

མི་རྟག་སྤྲིན་རུམ་གྱི་བར་ནས།།

ཚེ་ཡི་གློག་འགྱུ་དེ་འཁྱུགས་སོང་།།



  • ལེ་ཚན་སྔོན་མ།:དུས་བཞི།
  • ལེ་ཚན་རྗེས་མ།:བུ་མོ།