སྐྱོ་གཞས།

ཁ་བ་སྨྱུག་འཛིན།        2022-06-22

རླུང་བུ་ལྡང་བ་ནི་རང་བཞིན་རང་བཞིན་ཞིག་རེད།

ངས་རླུང་བུར་ཁ་ཕྱོགས་མེད་པའང་གཞི་ནས་ངེས།

མཚན་མོ་དག་ཏུ་ངས་ཁྱོད་ཀྱི་འཛུམ་མདངས་

ཡལ་བ་མཐོང་ཚེ།

ང་ལ་ཞེན་ཆགས་དང་སེར་སྣའི་ཤེ་མོང་གིས་བཙིར་ཏེ།

ན་ཟུག་གི་སྙིང་ཁྲག་འཇུར་བ་ཡང་ཉུང་ཉུང་མིན།

ནམ་མཁར་མཚམས་སྤྲིན་འཁྲིགས་པ་ནས་བཟུང་།

འཇིག་རྟེན་ལ་མིག་དབང་ཞིག་མེད་པ་དང་འདྲ།

ཁྱོད་ཉིད“གླུ་དབྱངས”ཀྱིས་བསླུས་བཞག།

གླུ་དབྱངས་ཀྱིས་གཡེན་སྦྱོར་དྲག་པོ་བྱས་འདུག།

འུ་གཉིས་གནམ་ས་ལྟར་རྒྱང་དུ་བཀར་ཏེ།

ཁྱོད་ཀྱི་སེམས་སུ་འུ་ཅག་བོར་དུ་བཅུག་ཡོད།

ངག་ལ་མ་གོམས་པའི“བརྡ་ཆད”ཀྱི་མིང་བོས་ཚེ།

སུ་ཞིག་གི་བློ་སེམས་ལྷོད་ལ་བབས་མྱོང་།

ན་ཟུག་གི་འགུལ་ལྡེག་ལ་མཚམས་ཚིགས་མེད་དོན་ཡང་།

ངས་ཁྱོད་ཀྱི་བྱད་བཞིན་ལ་ལག་ལྕག་གཞུས་མྱོང་བས་ཡིན།

ཁ་བ་ནག་པོ། སུ་ཞིག་གིས་བཏབ་པའི་ཁ་བ་ནག་པོ།

བདག་གི་ཁང་ཐོག་ཏུ་མིག་ཆུ་བཏང་དོན་ཅི།



  • ལེ་ཚན་སྔོན་མ།:ངག་ལས་རྡོལ་བའི་འབེལ་གཏམ།
  • ལེ་ཚན་རྗེས་མ།:ས་མཐའི་རི་གྲོང་ཉུལ་བའི་ཉིན་ཞག།