མཐོ་སྒང་གི་ཁྱིམ་གཞིས།

ཉི་མ།        2022-06-20

རབ་བཀྲའི་འདབ་བརྒྱར་གྲོལ་བའི་

མེ་ཏོག་རིགས།།

མཚར་སྡུག་སྐྱེད་ཚལ་དབུས་སུ་བཞད་འདྲ་བའི།།

མཐོ་སྒང་གཙང་མར་གནས་པའི་མི་རྣམས་ཀྱིས།།

བདེ་སྐྱིད་རོལ་བའི་གནས་འདི་ཁྱིམ་གཞིས་ཡིན།།

རབ་ཡངས་ནམ་མཁའི་ཁྱོན་ལ་འགྲན་པ་ཡི།།

མཐའ་དང་དཀྱིལ་ཞིང་དབྱེར་དཀའི་

གསེར་ལྡན་མར།།

མི་ལོ་དུང་འཕྱུར་མང་པོའི་བསྐལ་བའི་རྒྱུན།།

བགྲང་ཡས་ཚེ་སྲོག་འཚོ་བའི་གནས་

མཆོག་གྲགས།།

གཏིང་མཐར་བྲལ་བའི་ཆུ་གཏེར་ཆེན་

པོའི་ཀློང་།།

རིན་ཆེན་ནོར་གྱིས་ཁེངས་པའི་རྗེས་འགྲོ་བ།།

དཔག་མེད་ཐོན་ཁུངས་དུ་མས་ཆེར་ཕྱུག་པས།།

ལོངས་སྤྱོད་གང་འདོད་རོལ་བའི་ཚུལ་འདི་སྤྲོ།།

རློན་གཤེར་དྲོད་སོགས་རྒྱུ་རྐྱེན་ཀུན་འཛོམས་པའི།།

དཔྱིད་དཔལ་རྣམ་པར་རྒྱས་འདྲའི་ཚན་རིག་གིས།།

དེང་རབས་གསར་བའི་བདེ་སྐྱིད་སྒོ་མོ་ཆེ།།

གནས་མཆོག་འདི་ལ་འབྱེད་པ་

བསམ་ལས་འདས།།

འཕུར་ལྡིང་གར་ལ་རྩེན་པའི་ར་ཡིག་ཁྱུས།།

ཟེའུ་འབྲུའི་བཅུད་ལ་སྲེད་པ་ཇི་བཞིན་དུ།།

བྱིས་པའི་གནས་སྐབས་ཉིད་ནས་

རིག་གནས་ལ།།

དགའ་བས་འབད་འབུངས་བྱ་བའི་

གནས་འདི་སྐྱིད།།

ཆེས་མཐོ་འཛམ་གླིང་ཡང་རྩེ་ནོར་འཛིན་སྟེང་།།

རང་བྱུང་ལོངས་སྤྱོད་རྫོགས་པའི་འཚོ་བ་ལ།།

ཅི་དགར་མྱོང་བའི་ལོ་རྒྱུས་ཡིག་རིགས་དེབ།།

མ་ཉམས་ལྟ་ཀློག་བྱ་བའི་གོ་སྐབས་སྐྱིད།།

ཕན་ཚུན་བརྩེ་ཞེན་གསེར་ཀྱི་སྐུད་པ་ཡིས།།

ལྷན་ཅིག་སྦྲེལ་བ་མ་བུའི་བརྩེ་སེམས་ལྟར།།

སྤྲེལ་རྒྱལ་བྲག་སྲིན་རྒྱུད་ཀྱི་མི་ཡི་རིགས།།

ཞི་བདེའི་འཆམ་མཐུན་ཡོང་བའི་

གནས་འདི་སྐྱིད།།

ཞེ་མཐུན་མཛའ་བ་མི་སྟུང་མི་ཡི་རིགས།།

ལྷན་སྐྱེས་དང་མཚུངས་སྒྲིག་ལམ་སྲུང་བ་ནི།།

གཅིག་ལས་གཅིག་བཟང་སེམས་

སྤོབས་རབ་མཐོ་བས།།

བདེ་སྐྱིད་རི་བོའི་དཔངས་དང་

མཉམ་འདི་དགའ།།

མཁོ་དགུ་འབད་མེད་གྲུབ་པའི་རིན་ཆེན་གྱིས།།

རྣམ་སྲས་བང་བ་འབུམ་ལའང་

བསྒྲུན་ཕོད་པའི།།

དཔལ་འབྱོར་མ་ཚང་མེད་པའི་འཚོ་བ་འདིས།།

མི་སེམས་སྐོང་བ་ཆུ་རྒྱུན་གཟུགས་དང་སྡེབ།།

ཞལ་རས་འཛུམ་མདངས་པད་

དཀར་མདོག་དང་མཐུན།།

སྨྲ་བརྗོད་སྙན་པ་པི་ཝང་རྗེས་སུ་བསྙེགས།།

ལེགས་པའི་བསམ་བློ་བལ་

འཇམ་ཆོས་འདྲ་བའི།།

འཇིག་རྟེན་འདི་དག་མཉམ་འདུས་

གནས་འདི་སྐྱིད།།

ཁྲེལ་དང་ངོ་ཚའི་གོས་ཀྱིས་

ལེགས་པར་བསྒྲིབས།།

གནོད་དང་འཚེ་བའི་སྐྱོན་ཀྱི་ནག་ནོག་བྲལ།།

རྒན་བཀུར་བྱིས་བྱམས་ཡུལ་

གོམས་གཤིས་ལུགས་སོགས།།

མི་ཡི་རིགས་མཆོག་འདི་ལ་འཛོམས་པ་སྐྱིད།།

རང་དབང་རྒྱུ་འགྲུལ་གྲོག་མའི་

འདུ་འགོད་བཞིན།།

གྲངས་མཐའ་ཡས་ཀྱང་འཚོ་བའི་

དཔལ་ཡོན་ལ།།

དོན་གཉེར་འབད་བརྩོན་རོལ་བའི་

ལྟད་མོའི་རྒྱུན།།

མཐོང་བའི་གནས་མཆོག་འདི་ནི་

དགྱེས་པའི་ཡུལ།།

མཐོ་དམན་དྲག་ཞན་རྣམ་དབྱེ་མི་འབྱེད་པའི།།

ཕན་ཚུན་རོགས་རམ་མཁས་པའི་སྐྱེ་བོ་རྣམས།།

ཁྱོ་ཤུག་བརྩེ་བ་དང་མཚུངས་མི་འགྱུར་བས།།

གནས་མཆོག་འདི་ནི་འཆི་མེད་ཞིང་ས་བཞིན།།

འདབ་ཆགས་མགྲིན་རྔ་རྡུང་འདྲའི་

སྐད་ཀྱི་རིགས།།

གོ་བརྡ་སྤྲོད་ལ་མཁས་པའི་བུ་ཕྲུག་རྣམས།།

འཚོ་བའི་དཔལ་ཡོན་ཁྲོད་ནས་འཚར་

ལོངས་དང་།།

འཇིག་རྟེན་གང་འདོད་ལྟ་བའི་ལས་འདི་སྐྱིད།།

སྤུ་གྲིའི་མཆེད་ཟླར་འོས་པའི་བློ་རིག་ལས།།

བྱ་རྗེས་ཐང་དུ་བཀོད་འདྲའི་ཡི་གེའི་གཟུགས།།

བཏོད་པའི་མཁས་དབང་སོ་སོས་

བཞག་པའི་གསུངས།།

ཅི་དགར་བླང་དོར་མྱོང་བ་དགྱེས་པའི་གནས།།

དབྱར་ཀྱི་ནོར་འཛིན་བུ་མོའི་ཕང་བ་རུ།།

མེ་ཏོག་སྣ་བརྒྱར་བཞད་པའི་

མཛེས་སྡུག་བཞིན།།

མི་རིགས་སོ་སོའི་ཆས་ཀྱིས་བཀླུབས་པ་ཡི།།

སྲོལ་རྒྱུན་མི་ཉམས་སྤེལ་བ་བདེ་ཞིང་སྐྱིད།།

ཤར་ནུབ་བཟའ་བཏུང་ཐ་དད་བྲོ་བའི་བཅུད།།

ལུས་ཟུངས་གསོ་བའི་བདུད་རྩི་སྨིན་ལྟ་བུར།།

འགྱུར་བའི་རོ་བརྒྱའི་ཟས་ཀྱིས་

ཀུན་ཚིམས་པས།།

ཡུལ་ཁམས་འདི་ནི་སྔོན་མེད་སྐྱིད་པའི་མཛོད།།

གསེར་དངུལ་ཟངས་ལྕགས་བཞུ་སྦྱངས་

བྱེད་པ་ལས།།

ངོ་མཚར་འཕྲུལ་གྱི་འཁོར་ལོ་དུ་མ་དང་།།

རྩི་ཤིང་ནགས་ཚལ་བཅད་གཞོག་བྱེད་པ་ལས།།

ཉེ་མཁོ་ཅ་ལག་བཟོས་པའི་ཐོན་སྐྱེད་བཟང་།།

བལྟས་ན་མི་མཐུན་མེད་པའི་ཆས་གོས་དང་།།

བསྒྲུབས་ན་མི་འགྲིག་མེད་པའི་བྱ་བ་གཉིས།།

ཚུལ་ལྡན་འཕགས་མཆོག་ཡིན་

ཡང་འགྲུབ་དཀའ་བའི།།

ཀུན་སྤྱོད་གཙང་མ་ཅན་གྱི་མི་ཡིས་ཁེངས།།

སེམས་ཀྱིས་གཞན་དོན་གནད་ལ་

བསམ་གཞིག་དང་།།

ལག་གིས་གཞན་ཕན་རྩེ་གཅིག་བྱེད་པ་ཡི།།

གང་ཟག་ཐམས་ཅད་ཆོས་སུ་ཕྱོགས་པ་འདིས།།

འཇིག་རྟེན་གནས་འདི་བདེ་

ལྡན་ཞིང་དུ་བསྒྲུབས།།

བཟོད་དཀའི་ལུས་ཀྱི་འབྱུང་བཞི་

འཁྲུག་པའི་ནད།།

རྩད་ནས་གཅོད་བྱེད་གསོ་རིག་ཤེས་བྱ་ཡིས།།

ས་ཆེན་འདི་ལ་མ་ཁྱབ་མེད་པ་ན།།

སྐྱེ་བོ་རྣམས་ནི་ནད་ཀྱི་དྲི་མ་དབེན།།

སྙན་འཇེབས་ཚིག་གི་སྨྲ་བརྗོད་རྣ་བ་གཏམས།།

མཛེས་སྡུག་གཟུགས་ཀྱི་མཆོད་

པ་སྤྱན་སྔར་བཤམས།།

ཡིད་འོང་བྱ་བ་ཐམས་ཅད་མདུན་བརྡལ་བས།།

གནས་མཆོག་འདི་ལ་བཞུགས་

རྣམས་ཡིད་སེམས་སྤྲོ།།

ཁུ་བྱུག་ངག་ལ་འཁུ་བའི་མགྲིན་གླུ་དང་།།

འཁྲི་ཤིང་ལྡེམ་ལ་སྐྱེན་འདྲའི་བྲོ་གར་ནི།།

རྟག་པར་རྩེན་པའི་མི་ལ་ན་སོའི་ཁྱད།།

དབྱེ་བར་མེད་པའི་གནས་འདི་

ཀུན་དགའི་དཔྱིད།།

ཤེས་བྱའི་མཚོ་ལ་བློ་གྲོས་མིག་དཀྱུས་རིང་།།

དཔྱོད་གསུམ་ཐུར་མས་འཁྲུལ་བ་

ཀུན་བསལ་བའི།།

དྲན་དབང་རྒྱུ་སྐར་བཞིན་དུ་ཕེབས་པ་ཡིས།།

ཤེས་བརྩོན་སློབ་བུའི་འདུན་པ་བསྐངས་བས་སྐྱིད།།

ཡུལ་གྱི་བསྐལ་བ་འགྱུར་ཡང་སྐད་ཅིག་གིས།།

རང་རང་གང་འདོད་གནས་སུ་བདེ་བླག་ཏུ།།

བགྲོད་བྱེད་འཕྲུལ་གྱི་འཁོར་ལོ་ཆེ་ཆུང་རིགས།།

ཆུ་ཡི་རླབས་ཕྲེང་རྒྱུ་བའི་ཆ་ལ་འགོད།།

ལེ་དབར་ཁྲི་ཕྲག་གནས་སུ་མཆིས་ན་ཡང་།།

གཟུགས་དང་སྐད་ཀྱི་ཕན་ཚུན་

མཚམས་སྦྱོར་བའི།།

ཡ་མཚན་ཁ་པར་སྣ་ཚོགས་སྤྱོད་པ་ཡིས།།

གོ་ལའི་ཚད་ཀྱང་ཆུང་ངུའི་ཁྱིམ་དུ་བསྒྱུར།།

འཇིག་རྟེན་ལྟད་མོ་ཅི་ཞིག་སྲིད་གྱུར་ཀྱང་།།

བདེ་བའི་ཁྱིམ་དུ་སོས་དལ་བག་ཕེབས་ཀྱིས།།

མིག་འབྲས་ཕྱོགས་གཅིག་གནས་སུ་

རབ་ཕྱོགས་ནས།།

མཐོང་རྒྱ་འབྱེད་པའི་བརྙན་འཕྲིན་

མཐོང་བ་སྐྱིད།།

བགྲང་བྱའི་ཁུར་གྱིས་མནར་བ་མེད་པ་དང་།།

བརྗེད་ངས་རྐུན་པོས་ནམ་ཡང་ཁྱེར་མེད་པའི།།

ཤེས་བྱའི་བང་མཛོད་གློག་གི་ཀླད་པ་ཡིས།།

དེང་རབས་སྐྱེ་དགུའི་རིག་པ་འཕེལ་བ་སྐྱིད།།

ཆེས་མཐོ་མཁའ་ལ་བསྙེགས་པའི་ལྷུན་པོ་ཡི།།

གཟུགས་དང་མཉམ་པའི་ཁང་བཟང་

རྣམ་མང་པོ།།

འགྱིང་ངེར་སློང་བའི་བཟོ་བཀོད་

ཁྱད་མཚར་ཅན།།

གནས་འདིར་བསྐྲུན་པ་ངོ་མཚར་རྨད་དུ་བྱུང་།།

ཚང་ཚིང་གཡུ་ལོ་རྒྱས་པར་གཅན་གཟན་དང་།།

རི་དྭགས་ཚོགས་ཀྱིས་རྩེད་འཇོ་རོལ་བྱས་ཏེ།།

ནེའུ་གསིང་ཆུ་མཚོ་འགྲམ་དུ་

འདབ་ཆགས་དང་།།

མེ་ཏོག་སྣ་ཚོགས་མཛེས་པའི་གནས་འདི་སྐྱིད།།

དྲེགས་བཙན་གཉའ་ནས་མནོན་པའི་

དཔའ་བོ་དང་།།

ཉམ་ཆུང་མཐའ་ནས་སྐྱོང་བའི་མགོན་པོ་སྟེ།།

དྲང་བདེན་ལམ་དུ་སྙེག་པའི་ཐིག་ཤིང་བཞིན།།

ཆོས་ལྡན་སྐྱེས་བུའི་འོག་ཏུ་བདེ་ཞིང་སྐྱིད།།

མདོ་དབུས་ཁམས་གསུམ་འཚོ་བའི་

མི་རྣམས་ཀྱིས།།

གང་འཚམ་ལས་ལ་གཡེལ་མེད་འགྲུས་བྱས་ཏེ།།

གོང་ལ་བརྩི་ཞིང་ཕན་ཚུན་མཐུན་སྒྲིལ་ནི།།

གཞོམ་མེད་སྲ་མཁྲེགས་ལྕགས་ཀྱི་

རིལ་བུར་ངེས།།

སྨག་རུམ་མུན་པ་མཐའ་རུ་བསྐྲད་བྱས་ནས།

མཚན་ཡང་ཉིན་མོའི་དཔལ་ལྟར་སྣང་བ་ཡི།།

གློག་སྒྲོན་རྣམས་ནི་གཅིག་མིན་འབུམ་ཕྲག་ཏུ།།

སྣ་ཚོགས་མདངས་ཀྱིས་མཛེས་

པའི་གནས་མཆོག་སྐྱིད།།

རི་བོ་སྟུག་ཀྱང་ཐལ་ཀྱིས་འབུགས་པ་དང་།།

ཆུ་བོ་ཆེ་ཡང་འཕྲེད་དུ་བརྒལ་བ་ཡི།།

གྱ་གྱུའི་གཞུང་ལམ་དྲ་བ་འབྲེལ་བའི་གཞིར།།

བྱ་རྒོད་གཤོག་ཐོགས་ལས་ཀྱང་

འགྲིམ་འགྲུལ་སྐྱིད།།

གཡུར་དུ་གཟར་བའི་ལོ་འབྲས་ལྡུམ་བུ་དང་།།

བཅུད་ལྡན་ཤ་མར་བཏུང་བ་སྐྱོམས་ཀྱི་རིགས།།

རོ་བརྒྱའི་ཟས་ལ་ཅི་འདོད་རོལ་བ་ཡི།།

ལོངས་སྤྱོད་ལྷ་དང་མཉམ་པའི་

གནས་འདི་སྐྱིད།།

བགོ་བ་བལ་དང་ཚ་རུས་བཀླུབས་པ་ལ།།

རྒྱན་ཆ་རིན་ཆེན་གཡུ་བྱུར་

གསེར་དངུལ་སོགས།།

ཕྲ་ཚོམ་སྤུད་པའི་ཡིད་འཕྲོག་མཛེས་སྡུག་ལུས།།

རྣམ་སད་བུ་མོའི་ཆས་དང་སོ་སོར་རྟོག།

དེ་ལྟར་ལོངས་སྤྱོད་རྫོགས་ལྡན་སྨིན་པ་ལ།།

ཀུན་གྱིས་བསྟོད་བསྔགས་དབྱངས་

ཀྱི་རོལ་མོའི་གླུ།།

རྒྱ་ཆེན་དབྱུག་འཛིག་སྒེག་མོའི་གར་སྟེགས་སུ།།

བླངས་པའི་ལྗོངས་འདི་བདེ་སྐྱིད་

ཁྱིམ་གཞིས་ལགས།། །།



  • ལེ་ཚན་སྔོན་མ།:ང་དང་སྙན་ངག་བར་གྱི་ལས་འབྲེལ།
  • ལེ་ཚན་རྗེས་མ།:ཆབ་ཆ་ནི་རླུང་ལྡང་ས་ཁོ་ན་ཞིག་མ་རེད།