ཞེ་འདང་གི་དབྱངས།

དབྱངས་བུ།        2022-06-20

བཅུ་དྲུག་ལང་ཚོའི་ཨུཏྤལ་གཞོན་ནུ་ལ། །

ཡིད་འོང་མི་ཟུང་ར་ཡིག་གཉིས་པས་སྤུད། །

མཛེས་པའི་སྦྲང་རྩིའི་བཅུད་བཟང་

འཇོ་བ་ཡིས། །

བདག་བློའི་གཡུ་སྦྲང་ཡུད་ཀྱིས་

འགུགས་པར་བྱེད། །

དྲན་གདུང་ན་བུན་འཐིབས་པའི་

གཙང་འགྲམ་ན། །

ཞེན་ཆགས་ཁྲེས་པོ་ཁུར་བའི་ཁྲུང་ཁྲུང་ནི། །

མཛའ་སེམས་གཤོག་ཟུང་ཐོགས་ནས་

འཁོར་བའི་ཀློང་། །

འགྲིམ་པའི་སྟ་གོན་འཐེན་པའི་གར་ལ་ལྟོས། །

མི་ཚོགས་རྒྱུ་སྐར་འཁྲིགས་པའི་ལྷ་ལམ་ནས། །

མཛའ་གཅུགས་འོད་དཀར་བཞད་

པའི་ཀུ་མུད་གཉེན། །

ལྷན་འཛོམས་དགའ་སྟོན་ད་དུང་

དབེན་ན་ཡང་། །

རེ་བའི་འདབ་མ་ད་དུང་འཛུམ་ནས་ཡོད། །

ཁུ་བྱུག་གསུང་སྐད་དབེན་པའི་སྟོན་ཟླའི་ཁྲོད། །

ཚོར་བས་ཚིགས་སུ་ཡང་ཡང་བཅད་པའི་ཤུལ། །

དྲི་མེད་ཤོག་དཀར་ངོགས་ཀྱི་རི་མོ་ནི། །

ཡིད་མཐུན་འཛུམ་པའི་བཞིན་རས་ཁོ་ན་ཉིད། །

སེམས་ཀྱི་སྐྱོ་གདུང་སེལ་བའི་

བསིལ་འཇམ་ཟེར། །

སྙིང་གཏམ་ཟླ་ཤེལ་དག་པའི་ཆུ་ཤེལ་ལས། །

བརྩེ་བའི་ག་པུར་འཐུལ་བའི་ཞེ་མཐུན་ལགས། །

མི་ཚེའི་མུན་ཀློང་འགྲིམ་པའི་

རོགས་དགའ་ཡིན། །

ཁེར་རྐྱང་ས་མཐའ་ཉུལ་བའི་རི་ལུང་ནས། །

སྡེབ་ལེགས་ཚིག་གི་སྐུད་ཐག་འཐེན་བཞིན་དུ། །

ཚོར་འདུ་དབྱངས་སུ་གྱེར་བའི་

འགྱུར་ཁུགས་དག།

ཁོ་བོ་ཁྱོད་ལ་འཐེན་པའི་གསང་གཏམ་ཡིན། །

བརྩེ་བའི་གངས་དཀར་ལྷུན་པོའི་རི་ཟོམ་ན། །

དུང་བའི་ཉི་ཟླའི་འོད་མདངས་

ལྷག་གེར་འཛུམ། །

ཞེ་འདང་ཛ་ཧུའི་བུ་མོ་འབབ་པའི་རྒྱུན། །

ད་དུང་མ་ལྷོད་རྒྱུན་བསྲིངས་མཛོད་དང་ཀྱེ། །

མཛའ་བརྩེའི་དངུལ་དཀར་མེ་

ལོང་གཙང་མའི་ངོགས། །

འཆར་བའི་གཟུགས་བཟང་རོགས་

ལོའི་བཞིན་རས་ཉིད། །

མི་ཁའི་རྡུལ་གྱིས་རིང་ནས་མ་གཡོག་ན། །

འཛུམ་པའི་མེ་ཏོག་འཕྲད་ལ་ཡུན་མི་རིང་། །

ཁུ་སིམ་ལྗོན་ཚལ་དབེན་པའི་རི་འདབས་སུ། །

རིག་བྱེད་ཚིག་གི་མེ་ཏོག་འཐུ་བཞིན་དུ། །

མི་འགྱུར་དམ་བཅའི་མདུད་པ་སྙིང་གི་དཀྱིལ། །

ད་དུང་བཅངས་ནས་སྙན་

ངག་གྱེར་བཞིན་ཡོད། །

ཡིད་འོང་འཛུམ་གྱིས་བཞིན་དཔལ་

རབ་བཀྲུས་ཤིང་། །

དུང་སེམས་འོ་མའི་མཚོ་མོའཁྱིལ་བའི་ཁྱོད། །

ཐུག་འཕྲད་བྱུང་ན་སྙིང་གཏམ་སེན་རིས་ཀྱིས། །

ལན་གཅིག་དབྱངས་སུ་མི་

འགུགས་སུ་ཡིས་བཟོད། །


  • ལེ་ཚན་སྔོན་མ།:ཆབ་ཆ་ནི་རླུང་ལྡང་ས་ཁོ་ན་ཞིག་མ་རེད།
  • ལེ་ཚན་རྗེས་མ།:ངག་ལས་རྡོལ་བའི་འབེལ་གཏམ།