སྒྱུ་མའི་རི་དྭགས་ལ་བླངས་པའི་མགུར།

ཐོར་བུ།        2022-06-22

ནགས་སུ་རླུང་བུ་ལྡང་བྱུང་ངམ།།

ཁྱོད་ཀྱི་ཞལ་འདི་འཁྱགས་པ་ཅི།།

ཕུ་ཆུ་དྭངས་མོ་དེའི་ངོས་སུ།།

ཁྱོད་གཟུགས་ཡང་ཡང་ཡང་ཡང་འཆར།།

དགུན་ཁའི་ཉི་འོད་གཉོམ་པོ་འདིས།།

སྐྱོ་བ་རུམ་གང་ཁྱེར་ནས་ཐོན།།

དེ་ཡང་འདོར་དགོས་སྙམ་ན་ཡང་།།

ལས་ཀྱིས་དེད་པའི་སྤྱིལ་བུ་ལས།།

འདི་དག་ཕར་ལ་འདའ་མ་ཐུབ།།

ད་ནི་སྒེའུ་ཁུང་ཆུང་ཆུང་དེས།།

ཕྱི་རོལ་སྒྲ་ཡང་མ་བཟུང་བར།།

ཡིད་ཀྱི་འོངས་སུ་ཆར་པ་བཞིན།།

མར་མར་བབས་པ་འདི་ཙམ་ཀྱང་།།

ཁྱོད་རང་དྲན་པའི་རྐྱེན་དུ་གྱུར།།

རྣམ་ཤེས་ཕྱེ་ལེབ་ཁྲ་བོ་འདིས།།

ཁྱོད་ལ་བསྐོར་བ་བརྒྱབ་བརྒྱབ་ནས།།

གཤོག་རྩ་རྣག་གིས་བཟུང་ཡང་རུང་།།

ངལ་བ་མེད་པར་ཡང་ཡང་འཕུར།།

སུས་ཀྱང་སྐྱོ་བའི་ཆང་རག་འདི།།

མ་བཏུང་ན་ཡང་ཆོག་མོད་ཀྱང་།།

ལམ་ཐུག་ལས་ཀྱི་ཐག་པ་འདིས།།

ང་ཡི་ལུས་སེམས་གཉིས་ཀ་བསྡམས།།

གཞོན་ནུའི་ལུས་འདི་འཆིང་བ་ཡི།།

སྐྱེ་བོ་དག་ནི་རི་དྭགས་བཞིན།།

རྙི་འདི་ལས་ནི་མ་ཐར་བར།།

དེ་ནི་སུ་ལའང་ཡོད་ངེས་པས།།

ང་ཡང་ཡང་ཡང་སྐྱོ་དགོས་མེད།།



  • ལེ་ཚན་སྔོན་མ།:ས་མཐའི་རི་གྲོང་ཉུལ་བའི་ཉིན་ཞག།
  • ལེ་ཚན་རྗེས་མ།:ཡིད་ཀྱི་མེ་ཏོག