མི་ཚེ་གང་བོར་ནད་བཅོས་སྲོག་སྐྱོབ་ཀྱི་བྱ་བ་ཁོ་ན་བསྒྲུབས།

ལྷ་འཛོམས་ཀྱིས་བསྒྱུར།        2022-06-24

ཁམས་པའི་མཐོ་སྒང་དུ་རྒྱལ་ཡོངས་ཀྱི་སྨན་པ་ཆེས་བཟང་པོའི་མཚན་སྙན་ཐོབ་མཁན་སྒྲོན་མ་ཚེ་རིང་།

མི་ཚེ་གང་བོར་ནད་བཅོས་སྲོག་སྐྱོབ་ཀྱི་བྱ་བ་ཁོ་ན་བསྒྲུབས།

སྒྲོན་མ་ཚེ་རིང་ཡུལ་ཤོག་འཕྲོད་བསྟེན་ཁང་གི་རྒྱ་བོད་ལུགས་སྨན་ཁང་དུ་བསྒྲོན་པའི་འདྲ་པར།

ཁོང་གཉེན་སྒྲིག་བྱེད་མེད་ནའང་སྔོན་ཆད་ནད་བཅོས་མྱོང་བའི་ནད་པ་རྣམས་ཁོང་གི་གཉེན་ཉེར་གྱུར།

ཁོང་ལ་སྡོད་ཁང་མེད་ནའང་སྨན་བཅོས་ས་ཚུགས་རང་གི་ཁྱིམ་གཞིས་བྱས།

ཁོང་ལ་གསོག་དངུལ་མེད་ནའང་རིན་གོང་ཁྲི300རི་བའི་སྨན་རྩྭ་གྲབས་གསོག་བྱས།

སྒྲོན་མ་ཚེ་རིང1975ལོ་ནས་ད་བར་སྨན་བཅོས་བྱ་བ་བསྒྲུབས་ནས་ལོ40རིང་ལ་ནད་པར་ལྟ་བཅོས་ཐེངས་གྲངས་བསྡོམས་འབོར953215ལ་སླེབས་པས། ད་དུང་ལོ་ཁ་ཤས་གསོན་ཐུབ་ན་ནད་བཅོས་ཐེངས་ཁྲི100ལ་ཟིན་ཐུབ་ན་ཅི་མ་རུང་ཞེས་པའི་སྐད་ཆ་འདི་ནི་སྒྲོན་མ་ཚེ་རིང་ལོ་ན49སོན་པའི་སྐབས་སུ་ནད་ཕོག་དུས་འཆི་བ་མི་རྟག་པར་སྙམ་ནས་བཤད་པའི་སྐད་ཆ་རེད།

སྤྱི་ཟླ5པའི་ཚེས11ཉིན་གསར་འགོད་པས་སྡེ་དགེ་རྫོང་ར་སྐོར་གོང་མ་ཡུལ་ཤོག་མཛོ་པ་ཐང་གྲོང་སྡེར་སྨན་པ་སྒྲོན་མ་ཚེ་རིང་སར་ནད་བསྟེན་ས་ཡོང་མཁན་ནད་པ་ཧ་ཅང་མང་བ་མཐོང་།

སྒྲོན་མ་ཚེ་རིང་གི་ནད་ལྟ་སྟངས་དེ“ལྟ་ཉན་འདྲི་གསུམ”ནས་འགོ་ཚུགས་ཤིང་། ཉི་འོད་ཀྱི་འོག་ཏུ་འཕྲོད་བསྟེན་ཁང་གི་སྒོ་རའི་རགས་ནི་སྒྲོན་མ་ཚེ་རིང་གི་སྨན་ཁང་དུ་གྱུར། སྒྲོན་མ་ཚེ་རིང་གི་སྨན་རྩལ་མཁས་པའི་སྐད་གྲགས་སྡེ་དགེ་ཡུལ་ཕྱོགས་སུ་གྲགས་སུ་ཕྱིན་ཏེ་ཁོང་ལ་ནད་བསྟེན་ས་ཡོང་མཁན་ཇེ་མང་དུ་སོང་བས། དེང་སང་ཉིན་རེར་ནད་པ་མི་བརྒྱ་ཙམ་ནད་བསྟེན་ས་ཡོང་གི་ཡོད། དེའི་ནང་སྡེ་དགེ་རྫོང་གི་ནད་པར་ཕུད་པའི་སེར་ཤུལ་དང་དཔལ་ཡུལ་བཅས་རྫོང་གི་ནད་པ་ཡོད་ལ། ཐ་ན་བོད་ལྗོངས་དང་མཚོ་སྔོན་གྱི་ནད་པའང་ཡོད་པ་རེད།

ཀ གཅིག་པུས་བརྟན་སྲུང་བྱས།

“ལོ20རིང་སྨན་སྒམ་ཁུར་ནས་སྨན་བཅོས་བྱེད་པར”རྒྱུན་འཁྱོངས་བྱས།

སྒྲོན་མ་ཚེ་རིང་ནི་དེ་སྔ་འབྲོག་པ་ཞིག་ཡིན་ཞིང་ཕྱུགས་འཚོ་འབྲོག་ལས་བྱས་པའི་འཚོ་བ་རོལ་མྱོང་། ཁོ་ལོ་ན21ལ་སོན་དུས་མི་ཚེའི་ལས་སྐལ་ལ་འཕོ་འགྱུར་བྱུང་བ་རེད།

1975ལོར་ར་སྐོར་གོང་མའི་ཡུལ་ཤོག་གིས་གོང་གི་འབོད་སྐུལ་དང་ལེན་ཞུས་ནས་མཉམ་ལས་སྨན་བཅོས་ས་ཚུགས་བཙུགས་པ་དང་། སྡེ་དགེ་རྫོང་འཕྲོད་བསྟེན་ཅུས་དང་ཡུལ་ཤོག་གི་ལས་བྱེད་པས་བོད་ལུགས་གསོ་རིག་གི་ཉམས་མྱོང་ཅུང་ཡོད་ཅིང་བབ་ཆགས་ལ་འཇོན་ཐང་ཆེ་བའི་སྒྲོན་མ་ཚེ་རིང་གསོ་སྦྱོང་བྱེད་སའི་ནང་འོས་སྦྱོར་བྱས། ལོ་དེར་སྒྲོན་མ་ཚེ་རིང་གིས་སྡེ་དགེ་དཔལ་སྤུངས་བོད་སྨན་ཁང་དུ་ཉིན45ཡི་གསོ་སྦྱོང་ནང་ཞུགས་པ་དང་། ཕྱི་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ལུས་རྩལ་ཁག་གཅིག་སློབ་སྦྱོང་བྱས་ནས་སྟབས་བདེའི་གཤག་བཅོས་བྱེད་ཐུབ་ཀྱི་ཡོད། སློབ་མཇུག་འགྲིལ་རྗེས་སྒྲོན་མ་ཚེ་རིང་ཡུལ་ཤོག་ཏུ་ལོག་ནས་སྨན་བཅོས་ས་ཚུགས་ཀྱི“རྐང་རྗེན་སྨན་པ”འབའ་ཞིག་ཏུ་གྱུར།

སྐབས་དེ་དུས་ཀྱི་སྒྲོན་མ་ཚེ་རིང་གིས་ཕྱུགས་འཚོ་ཞོར་དུ་མི་སེར་ཚོར་སྨན་བཅོས་བྱས་པ་རེད།

ར་སྐོར་གོང་མ་ཡུལ་ཤོག་ནི་སྡེ་དགེ་རྫོང་གི་ཐག་རིང་ལུང་ཁུག་གི་ཡུལ་གྲོང་ཞིག་ཡིན་ཞིང་། རྫོང་གི་གྲོང་ཁུལ་དང་སྤྱི་ལེ300ཙམ་རྒྱང་བ་དང་ཆ་སྙོམས་མཚོ་འཕགས་སྨི3620ཡོད་པའི་འབྲོག་སྡེ་རྐྱང་པའི་ཡུལ་ཤོག་ཅིག་རེད། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཁོར་ཡུག་ཆ་རྐྱེན་ཞན་པའི་དབང་གིས་ས་གནས་དེ་གར་འཚོ་གནས་བྱེད་བཞིན་པའི་ཞིང་འབྲོག་མང་ཚོགས་ལ་ནད་ཕོག་དུས་ཐག་ཉེ་སར་ནད་མི་བསྟེན་ཁག་མེད་ཡིན་པར་བརྟེན། དེ་བས་ན་ཡུལ་ཤོག་སྨན་བཅོས་ས་ཚུགས་དེ་ཁོ་ཚོའི་སྨན་བསྟེན་སའི་གདམ་བྱ་དང་པོར་གྱུར།

དེ་ནས་སྒྲོན་མ་ཚེ་རིང་བཙལ་ནས་ནད་བསྟེན་ས་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན། དེར་བརྟེན།“རྐང་རྗེན་སྨན་པ”ཡིས་ཕལ་ཆེར་ཕྱུགས་རའི་ལས་ཀ་བཞག་ནས་བློ་གཅིག་སེམས་གཅིག་གིས་སྨན་བཅོས་བྱས་པའི་ལས་ལ་བྲེལ། ཁོང་གི་བྱ་སྤྱོད་དེ་ས་གནས་དེ་གའི་མང་ཚོགས་ལ་སྟབས་བདེ་ཆེན་པོ་བཟོས་པས་མ་ཚད། ད་དུང་ཉེ་འཁོར་གྲོང་སྡེའི་གཞི་རྩའི་སྨན་བཅོས་ཀྱི་དགོས་མཁོ་ཡང་བསྐངས་ཡོད་པ་རེད།

དུས་རབས་གོང་མར་ར་སྐོར་གོང་མ་ཡུལ་ཤོག་ཏུ་གཞུང་ལམ་མེད་པ་དང་སྨན་བཅོས་ཀྱི་ཆ་རྐྱེན་ཡང་ཅུང་ཞན་པས། སྒྲོན་མ་ཚེ་རིང་གིས་རང་འགན་གཙང་སྒྲུབ་དང་ལྷག་བསམ་ཟོལ་མེད་ངང་གྲོང་མིར་ཞབས་འདེགས་ཞུ་གི་ཡོད། ཡུལ་ཤོག་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ700ལྷག་ཙམ་ཡོད་པ་དང་མཚན་མོ་ཡིན་ནའང་འདྲ།ཆར་རླུང་འཚུབ་ཀྱང་རུང་ནད་པར་དགོས་མཁོ་ཡོད་ཚེ་ཁོང་གིས་སྨན་སྒམ་འཁུར་ནས་ནད་པའི་ཁྱིམ་དུ་སྨན་བཅོས་བྱེད་པར་འགྲོ་གི་ཡོད།

སྨན་སྒམ་འཁུར་ནས་སྨན་བཅོས་བྱེད་པར་སྐྱོད་པ་དེས་སྒྲོན་མ་མ་ཚེ་རིང་གིས་ལོ་ངོ20ཙམ་རྒྱུན་འཁྱོངས་བྱས་ཡོད་ཅིང་། མི་གཅིག་ལ་བརྟེན་ནས་སྨན་བཅོས་ས་ཚུགས་དེ་ལོ་ངོ20ཙམ་ཡང་བརྟན་སྲུང་བྱས་ཡོད།

1994ལོར་རྫོང་གིས་སྨན་དོན་མི་སྣ་གསར་པ་མངགས་ནས་སྒྲོན་མ་ཚེ་རིང་ལ་ལས་རོགས་གཅིག་ཡོད་པ་རེད།

ད་ཆར་སྨན་བཅོས་ས་ཚུགས་དེ་འཕྲོད་བསྟེན་ཁང་དུ་བསྒྱུར་ནས་རླུང་ཆར་མི་འགོག་པའི་ཁང་པ་དེའང་ཐོག་བརྩེགས་གཉིས་ཅན་གྱི་ཁང་པ་ཞིག་ཏུ་གྱུར་ཡོད། ལས་དོན་མི་སྣ་དེ་སྔའི་མི1ནས་ད་ཆར་སྨན་པ6དང་། སྨན་ཞབས་པ1 གྲོང་སྡེའི་སྨན་པ2བཅས་བར་མང་དུ་ཕྱིན་ནས་འཕྲོད་བསྟེན་ཁང་དུ་སྨན་དོན་ཚོགས་པ་བཙུགས་པ་རེད།

ད་ཆར་འཕྲོད་བསྟེན་ཁང་གིས་སྔར་བཞིན་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་ནས་ནད་པར་ནད་བརྟག་བྱེད་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་ཀྱི་ཡོད། སྨན་དོན་མི་སྣས་ཉུང་མཐར་ཡང་གྲོང་སྡེར་ཐེངས15བསྐྱོད་དེ་རྨང་གཞིའི་སྨན་བཅོས་དང་། གྲལ་བཤེར། དྲིལ་བསྒྲགས་སློབ་གསོ་བཅས་བྱས་ནས་གྲོང་མིའི་འཕྲོད་བསྟེན་བདེ་ཐང་བརྟན་དུ་སྲུང་གི་ཡོད་པ་རེད།

མི་ཚེ་གང་བོར་ནད་བཅོས་སྲོག་སྐྱོབ་ཀྱི་བྱ་བ་ཁོ་ན་བསྒྲུབས།

སྒྲོལ་མ་ཚེ་རིང་གིས་ཡུལ་མི་སྣེ་ཁྲིད་དེ་རི་འགོར་སྨན་རྩྭ་འཐུ་འགྲོ་བཞིན་པའི་ཚུལ་རེད།

ཁ འགན་འཁྲི་ཕྲག་ཏུ་འཁུར།

རང་གིས་གྲོན་སོང་སྒོར་ཁྲི300ལ་ཉེ་བ་བཏང་ནས་སྨན་སྤྱི་རྒྱ་ཁྲི1.9ཉར་གསོག་བྱས།

སྨན་བཅོས་བྱེད་འགོ་བཙུགས་པ་ནས་བཟུང་སྒྲོན་མ་ཚེ་རིང་གིས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་སྨན་བཅོས་ལག་རྩལ་ལ་བརྩོན་ཞིབ་བྱས་པ་དང་འབྲེལ་སྡེ་དགེ་ས་གནས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་རིག་པའང་གཙོ་བོར་བཟུང་ཡོད། “བོད་ལུགས་གསོ་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་མ་ལག་ཆ་ཚང་བ།དམིགས་བསལ་གྱི་སྨན་བཅོས་བྱ་ཐབས་ཀྱང་ཡོད་པས་ཞིབ་འཇུག་གཏིང་ཟབ་བྱེད་རིན་ཡོད”ཅེས་བཤད། སྒྲོན་མ་ཚེ་རིང་གིས་སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་ཁོང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དབྱེ་འབྱེད་སྨན་བཅོས་ཚད་གཞི་གཙོ་བོར་བྱས་ནས་བོད་ལུགས་གསོ་

རིག་དང་བོད་སྨན་གྱིས་མཉེད་འཕུར་དང་།འཕུར་གཉེར། རྔུལ་འདོན། བོད་སྨན། ཚ་འཚག། མེ་བུམ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕྱོགས་བསྡུས་སྨན་བཅོས་བྱེད་ཀྱི་ཡོད།

ལོ47གྱི་དུས་ཚོད་ནང་སྒྲོན་མ་ཚེ་རིང་མི་སྒེར་གྱིས་གྲབས་གསོག་བྱས་པའི་བོད་སྨན་གྱི་མ་བཅོས་རྒྱུ་ཆ་སྤྱི་རྒྱ་ཁྲི1.9ཙམ་ཟིན་ནས་ཚོད་དཔག་བྱས་ན་སྒོར་ཁྲི300རི་བ་རེད། སྨན་འཐུ་བ་དང་སྨན་རིན་གྲབས་གསོག་ལས་ཀ་དཀའ་སྡུག་ཆེ་ན་ཡང་ཁོང་གིས་སྔར་བཞིན་ལས་ཀ་དེར་སྤྲོ་སྣང་གིས་ཁེངས་ཤིང་། ཁོང་གིས“ངས་དུས་ནམ་ཡང་སྨན་པའི་ལས་རིགས་དེར་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད། ངས་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་མི་དེ་བས་མང་པོར་རོགས་རམ་བྱེད་འདོད་ཡོད། ལོ་མང་རིང་གྲོང་མིའི་གུས་བཀུར་ཐོབ་པས་ངས་དེ་ལས་ཀྱང་ངེས་པར་དུ་འགན་འཁྲི་དེ་འཁུར་དགོས་ཀྱི་འདུག”ཅེས་བཤད། འགན་འཁྲི་དེ་འཁུར་ནས་ལོ47རིང་སྨན་པ་སྒྲོན་མ་ཚེ་རིང་གིས་བྱ་གཞག་དེར་བརྟན་སྲུང་བྱས་པ་རེད།

སྨན་པ་སྒྲོན་མ་ཚེ་རིང་གི་བསགས་དངུལ་ཡོང་རྫོགས་ནད་པའི་སྨན་རིན་ཁ་གསབ་བྱས་པ་དང་སྨན་ཉོ་སྒྲུབ་སྐབས་སྤྱོད་ཀྱི་ཡོད། འཕྲོད་བསྟེན་ཁང་ལ་སྨན་རྫས་དཀོན་པོ་ཡོད་སྟབས་སྨན་པ་དེས་རི་ལ་བསྐྱོད་དེ་སྨན་རྩྭ་འཐུ་བ་ཕྱིན་ནས་ཁོང་གི་རྐང་རྗེས་སྡེ་དགེ་རྫོང་གི་རི་ཆུ་ཀུན་ལ་བཞག་པ་རེད། སྨན་བཅོས་རྒྱུ་ཆ་མེད་པས་ཁོང་གིས་གང་སར་འཚོལ་བསྡུ་བྱས་ཤིང་། ཁྱིམ་དུ་སྨན་བཅོས་ས་ཚུགས་དེ་བཙུགས་ཚུན་གྱི་དཔྱད་ཡིག་ཚང་མ་ཉར་ཚགས་བྱས་ཡོད་པར་བརྟེན། རང་གིས་སྨན་རྫས་སྦྱོར་བཟོ་བྱས་པ་རེད། ད་ཆ་སྨན་བཅོས་འཕྲོད་བསྟེན་ཁང་ནང་ཁོང་རང་གིས་སྦྱོར་བཟོ་བྱས་པའི་བོད་སྨན་གྱི་སྨན་རྫས་སྣ་ཁ་བརྒྱ་གྲངས་ལ་ཟིན་ཡོད། ཁོང་གིས་ད་དུང་རང་ཉིད་ཀྱི‘ཕུལ་བྱུང་གི་ཡུལ་གྲོང་སྨན་པ’ཞེས་མཚན་སྙན་ཐོབ་པའི་བྱ་དགའ་དངུལ་སྒོར5000ཚང་མ་ཟམ་པ་བསྐྲུན་པར་ཞལ་འདེབས་བརྒྱབ་ནས་ནད་པར་འཕྲོད་བསྟེན་ཁང་དུ་ནད་ལྟ་ས་ཡོང་དུས་བགྲོད་ལམ་སྟབས་བདེ་བཟོས་པ་རེད།

ག སྨན་རྩལ་རྒྱུད་འཛིན་བྱེད།

སློབ་མ་བསྡུས་ནས་སློབ་ཡོན་མི་དགོས་པར་རང་གིས་ཚེ་གང་བསགས་པའི་སྨན་རྩལ་བསྩལ།

ལོ་ན་རིམ་བཞིན་མཐོན་པོར་གྱུར་པ་དང་ཆབས་ཅིག། སྒྲོན་མ་ཚེ་རིང་གི་བསམ་འདུན་ཆེ་ཤོས་ནི་སྨན་བཅོས་ལག་རྩལ་རྒྱུད་འཛིན་བྱ་རྒྱུ་དེ་ཡིན། ཁོང་གིས“ཚེ་སྲོག་ལ་ཚད་ཡོད་པས་སློབ་སྦྱོང་བྱེད་འདོད་ཡོད་ཚེ་མིའི་ཀུན་སྤྱོད་བཟང་ན།ངས་ནད་བཅོས་སྲོག་སྐྱོབ་ཀྱི་འཇོན་ཐང་དེ་རིན་པ་མི་དགོས་པ་དང་སྦ་གསང་སྤུ་ཙམ་ཡང་མེད་པའི་སྒོ་ནས་སློབ་མར་སློབ་ཀྱི་ཡོད”ཅེས་བཤད།

མིག་སྔར་སྒྲོན་མ་ཚེ་རིང་གིས་དགེ་ཕྲུག10ལྷག་ཙམ་བསྡུས་ཡོད། དགེ་ཕྲུག་དེ་དག་ནི་སྡེ་དགེ་དང་དཔལ་ཡུལ། བྲག་མགོ། སེར་ཤུལ་སོགས་ནས་ཡོང་བ་ཡིན། དེའི་ཁྲོད་ཀྱི་དགེ་ཕྲུག་གཉིས་ཀྱིས་རང་ཉིད་ཁེར་རྐྱང་གིས་སྨན་བཅོས་བྱེད་ཐུབ་ཀྱི་ཡོད། ལོ་ན27ལ་སླེབས་པའི་ཆོས་གྲགས་ནི་ཁོང་གི་དགེ་ཕྲུག་ཞིག་ཡིན།

ལོ20ལྷག་གི་དགེ་ཕྲུག་ཆོས་གྲགས་རྒན་སྒྲོན་མ་ཚེ་རིང་དང་མཉམ་དུ་རིར་སྨན་རྩྭ་འཐུ་རུ་འགྲོ་བ་དང་ཐག་རིང་ལུང་ཁུག་གི་གྲོང་སྡེར་བསྐྱོད་ནས་ནད་ཚབས་ཆེན་ཕོག་མཁན་ལ་སྨན་བཅོས་བྱས།

སྒྲོན་མ་ཚེ་རིང་གི་ཚེ་གང་བོར་ཁང་པ་མེད་པ་དང་གཉེན་སྒྲིག་མེད་པ། ཕྲུ་གུ་མེད་པ། བཅོལ་དངུལ་མེད་པ། ཡིན་ན་ཡང་ཡུལ་ཤོག་འཕྲོད་བསྟེན་ཁང་ནི་ཁོང་གི་ཁྱིམ་གཞིས་ཡིན་པས་ཁོང་གིས་ཚེ་གང་བོའི་རིང་ལ་ལས་ཀ་གཅིག་ལས་བྱས་མེད།དེ་ནི་ནད་བཅོས་སྲོག་སྐྱོབ་བྱ་བ་དེ་རེད།།


  • ལེ་ཚན་སྔོན་མ།: མཐོ་སྒང་འགྲོ་བ་འབུ་སྐྲན་ནད་ཀྱིས་མནར་བ་ལ།། སྨན་པ་བཟང་པོ་ཝང་ཝུན་ཐའོ་ཡིས་ཀུན་ནས་བསྐྱབས།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།