ས་མཐའི་རི་གྲོང་ཉུལ་བའི་ཉིན་ཞག།

རྐྱང་ཉུལ་གདོང་ནག        2022-06-22

གང་ཞིག་སྣང་བ་མ་གཡེང་ཟུགས་དུས་དེ་ནི་ཞི་གནས་

ཨེ་ཡིན་ནམ། །

གང་དུ་དད་པའི་བ་སྤུ་གཡོས་དུས་བླ་མའི་བྱིན་

རླབས་ཞུགས་སམ་ཅི། །

གང་ལ་མིག་ཟུང་མེ་ལོང་ཤར་བའི་ངུར་སྨྲིག་མནབ་པའི་

འདུས་སྡེ་ཡང་། །

གང་དུས་བསྐལ་པར་ཡ་སྔོན་བསགས་པའི་ལས་ཀྱིས་

མཇལ་བའི་སྐྱབས་གནས་སམ། །

དབུ་སྐྲ་བྲེགས་པའི་སྐྱ་རིལ་རྣམས་ཀྱིས་དམར་སེར་

གོས་ཀྱིས་རྒྱན་འཆང་ཞིང་། །

ཞི་དུལ་སྤྱོད་པའི་གཡུ་ལོ་རབ་རྒྱས་ཡལ་འདབ་རི་མོ་

བཀྲ་དུས་སུ། །

སེམས་བསྐྱེད་མཆོག་མ་དམ་དུ་འཛིན་ཞིང་སྐྱེ་དགུ་

དཀྱིལ་འཁོར་དབྱིངས་སུ་དྲངས། །

སྙན་དབྱངས་སྐྱོ་གླུ་མགུར་ཐེངས་དེ་དག་དད་

པ་གཙང་མས་རྒྱན་ཤོག་ཨང་། །

ཞི་གནས་ལྷག་མཐོང་ལྷན་དུ་བརྡབས་པའི་འཁོར་

བའི་སྲོག་རྩ་གཅོད་ཀྱང་བླ། །

ཉོན་མོངས་ཤེས་བྱ་སྒྲིབ་པ་གཉིས་ཀྱིས་ཞེན་ཆགས་

ཉིན་བཞིན་རྒྱས་ཀྱང་ཆོག །

སྒོམ་ཆེན་ཟོལ་གྱིས་ཆགས་སྡང་གཉིས་འཆིང་ལྷོད་

མེད་སེམས་ཀྱི་ཁྲོམ་གཞུང་ནས། །

ངེས་འབྱུང་བསམ་པའི་ཟུར་ཡང་དབེན་པས་བདག་ནི་

ས་མཐའི་འཁྱམ་པོ་ཡིན། །

སེམས་བསྐྱེད་ཕྱེད་ཙམ་སོང་བའི་མཐའ་རུ་རྣམ་རྟོག་

བརྒྱད་ཅུས་དཀྲི་བྱེད་ཅིང་། །

བློ་སྦྱོང་ར་བའི་སྐྱེད་ཚལ་འདི་རུ་འདོད་པའི་གཏམ་

རྒྱུད་ཤུགས་འབྱུང་བ། །

ཁ་ཆེམས་དམ་བཅའ་བཞག་ནས་ཡོད་ཀྱང་སེམས་

པ་བསྒྱུར་བཅོས་ཐུབ་དཀའ་བའི། །

ས་མཐར་ཆད་པའི་ཡུ་བུར་བསམ་ན་མིག་ཆུའི་

རྒྱ་མཚོ་རང་འཁྱིལ་རེད། །

མཁས་ཤིང་གྲུབ་བརྙེས་འཕགས་པ་གསོན་པོ་དྲུངས་

ནས་མཇལ་བའི་སྐལ་བ་བཟང་། །

གསང་སྔགས་ལམ་འབྲས་སྙན་རྒྱུད་བཞི་ལྡན་ཐོས་

འཛིན་སྦུག་ནས་གསལ་གྱུར་ཀྱང་། །

ལས་དང་བསོད་ནམས་དབེན་པའི་ཡུ་བུ་དད་དང་

དམ་ཚིག་མི་ཚང་འདུག །

ཞིབ་ཏུ་གཞིགས་ཚེ་བྲང་ཁ་ཁུར་གྱིས་རྡུང་

བཞིན་ངུ་ངག་གཏང་དགོས་བྱུང་། །

སེམས་ཅན་རྒྱུ་མ་དྲུད་བཞིན་ཡོད་ཀྱང་སྙིང་རྗེ་ཟུར་

ཡང་མི་སྐྱེ་ཞིང་། །

སངས་རྒྱས་ནམ་མཁར་བྱོན་བཞིན་ཡོད་ཀྱང་དད་

པ་མི་སྐྱེ་དཔེ་དེ་བཞིན། །

དུག་གསུམ་སྦྲུལ་གྱིས་འཚང་ཁ་རྒྱག་པའི་བག་

ཡངས་བོར་བའི་སེམས་ཉིད་ལ། །

རྫུ་འཕྲུལ་ཆེ་བའི་གྲུབ་པ་དེས་ཀྱང་རང་སེམས་བཅོས་

ཐབས་མི་འདུག་ལགས། །

རྩེ་གཅིག་བློ་ཡི་སྟོབས་ཤུགས་སྐྱེད་ཀྱིན་རྣམ་སྣང་

ཆོས་བདུན་ཞུགས་ཙ་ན། །

གཏི་མུག་མུན་པའི་སྣང་བ་འཁྲིག་པོ་སྤང་ཐབས་མ་

མཆིས་ངང་གིས་འབྱུང་། །

བསོད་ནམས་དབེན་པའི་ཡུ་བུར་བསམས་ན་སྡུག་གི་

ཁྱིམ་གཞིས་རང་གྲུབ་ཅིང་། །

ཆོས་དང་འཇིག་རྟེན་གང་ཡང་མེད་པས་མི་ཚེར་

མཛེས་སྡུག་མི་འདུག་གོ །



  • ལེ་ཚན་སྔོན་མ།:སྐྱོ་གཞས།
  • ལེ་ཚན་རྗེས་མ།:སྒྱུ་མའི་རི་དྭགས་ལ་བླངས་པའི་མགུར།