མ་ཡུམ་དྲན་པའི་མགུར་གླུ་འཇགས་མེད་གཙང་པོའི་རླབས་སྒྲ།

འབར་བློ་དཀར།        2022-06-27

སྤྲིན་དཀར་ནག་གི་བང་རིམ་གསེབ་ནས།།

འབྲུག་ཕོ་ཆུང་གིས་ལྡིང་སྐོར་འཕེན་ཞིང་།།

ཆར་ཟིལ་མ་དང་ཟིལ་མ་འཐོར་སའི།།

ཡུལ་དེ་བཞུགས་ཀྱི་བྱམས་ལྡན་ཨ་མའི།།

ཚེ་དར་ཐག་བཞིན་རིང་བ་ཨེ་རེད།།

གཞི་འཁོར་བ་ཡི་ཐབ་ཚང་ནང་ནས།།

ལས་དམ་ཚིག་གི་མེ་ཁ་གསོས་ཏེ།།

བཟང་གཤིས་རྒྱུད་ཀྱི་བལ་དཀར་འཇོག་པའི།།

སྨན་རིགས་བཟང་གི་བྱམས་ལྡན་ཨ་མའི།།

ཐུགས་མེ་ལོང་བཞིན་དྭངས་པ་ཨེ་རེད།།

དགུང་རི་རྩེ་ནས་ཉི་འོད་འཕྲོ་དུས།།

ཕྱུགས་བཞོ་དབྱངས་ཀྱི་མགུར་མ་འཐེན་བཞིན།།

སྦྲའི་སྒོ་ཁྱིམ་ནས་གོམ་ཆུང་སྤོས་པའི།།

ཡིད་ཁོག་འཛུམ་གྱི་བྱམས་ལྡན་ཨ་མའི།།

སྐུ་གངས་རི་བཞིན་བརྟན་པ་ཨེ་རེད།།

ལུས་ལང་ཚོ་ཡི་ལྗང་སྨྱུག་བསྐམས་ཤིང་།།

སྟོན་བསིལ་རླུང་གིས་སྐྲ་ལོ་སེ་བོ།།

དབུའི་དཔྲལ་མཚམས་ནས་བྱིལ་བྱིལ་བཏང་བའི།།

མདངས་ཟིལ་ཉམས་ཀྱི་བྱམས་ལྡན་ཨ་མའི།།

ངག་སྨྲ་བརྗོད་ལ་དིག་པ་ཨེ་འདུག།

ཞལ་ཟླ་གཞོན་ལ་སྤྲིན་པས་གཙེས་ཤིང་།།

སྤྱན་སྐར་ཆེན་གྱི་གཟི་མིག་བོར་ཏེ།།

སྐྱིད་སྣང་བ་ཡི་དུས་ཚིགས་ཡལ་བའི།།

ལོ་རྒས་འཁོགས་ཀྱི་བྱམས་ལྡན་ཨ་མའི།།

བློ་དྲན་རིག་ལ་རྒུད་པ་ཨེ་འདུག།

ལྟོ་ཟས་མེད་ལ་ཟས་སྦྱིན་གནང་ཤིང་།།

རྒྱབ་གོས་ཧྲུལ་ལ་གོས་ཀྱང་བཙེམས་ཏེ། །

རང་བུ་ཕྲུག་གི་མདུན་ལམ་བསྐྱངས་པའི།།

སེམས་དཀའ་ཐུབ་ཀྱི་བྱམས་ལྡན་ཨ་མའི།།

ལུས་མཛེས་སྡུག་ལ་ཉམས་པ་ཨེ་འདུག།

གནས་ངེས་མེད་དུ་ཁ་ལོ་དཀྱུས་ཏེ།།

ཡུལ་རྒྱུས་མེད་ཀྱི་ས་མཐའ་འགྲིམས་དུས།།

བུ་ཁེར་རྐྱང་གི་གདུང་བས་མནར་ཏེ།།

དྲིན་མ་ལོ་ཡི་བྱམས་བརྩེ་ཟབ་མོ།།

ཁོག་ཤ་མཆིན་གྱི་བར་ནས་དྲན་བྱུང་།།

བདག་བུ་རུལ་ང་སྐྱེ་བ་འདི་ལ།།

བན་སེར་མོ་ཞིག་ཡོང་བར་རེ་སྟེ།།

དུས་ཉིན་མཚན་ལ་སྐྱབས་འཇུག་གནང་བའི།།

མ་དྲིན་ཆེན་གྱི་བྱམས་སྐྱོང་བསམས་ན།།

སྙིང་དམར་པོ་ལ་ན་ཟུག་སྐྱེས་བྱུང་།

ཆོས་འདི་གྲུབ་ཅེས་བཤད་དུ་མེད་ལ།།

ལས་འདི་ཐོན་ཞེས་བསྟན་རྒྱུ་མེད་པར།།

ཚེ་ཉི་མ་ཡི་ལ་སྐེད་ལོན་པའི།།

རང་ལས་སྐལ་འདི་ལན་གཅིག་བསམས་ན།།

སེམས་གཏིང་རིམ་ནས་ཁོ་ཐག་ཆད་སོང་།།

ཉེས་བདག་འཛིན་གྱི་ཤྭ་ཕོ་མ་སོད།།

ཡུལ་བདག་མེད་ཀྱི་ཁྲག་ར་མ་རྙེད།།

བློ་ཆགས་སྡང་གི་སྒོ་མོ་ཕྱེས་པའི།།

རང་ཆོས་མེད་ཀྱི་ལས་འདི་བསམས་ན།།

ཡིད་སྐྱོ་གདུང་གི་མུན་པ་འཐིབ་ཀི།

དེ་ཡིན་ན་ཡང་ཆུང་ངུའི་དུས་ནས།།

མགོན་བཤེས་གཉེན་གྱི་ཞབས་རྡུལ་རེག་སྟེ།།

ཆོས་ཡང་དག་གི་རྒྱལ་བའི་གསུང་ལ།།

ཀློག་ཐོས་བསམ་གྱི་བྱ་བ་བགྱིས་པའི།།

དོན་དགེ་འབྲས་ཀུན་མ་ལ་སྔོ་འོ།།


  • ལེ་ཚན་སྔོན་མ།:ཡིད་ཀྱི་མེ་ཏོག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།