རྨི་ལམ་དུ་བྱོན་པའི་ས་ཆུ་མེ་རླུང་།

ཞོ་ར་བསམ་འགྲུབ་རྒྱལ།        2022-06-27

འཁོར་བའི་རི་སྒང་གི་ཉིན་སྲིབ་ན་ཚེ་སྲོག་གི་དར་ལྕེ་སྲུང་བའི་སྐྱེ་འགྲོ་སུ་ཞིག་ཡིན་རུང་། ལས་ཉོན་གྱི་ཐ་གུས་ཡོངས་སུ་དཀྲིས་པའི་མི་ཚེའི་འཁོར་ལོ་ས་ཆུ་མེ་རླུང་དང་བསྡོངས་ཏེ་མཐའ་མར་ཟད་འགྲོ་བའང་། སུ་གང་གི་རང་དབང་ན་མེད་པའི་འཁོར་བའི་ཁྱད་གཤིས་འབའ་ཞིག་གོ

རིན་ཆེན་ནོར་ལས་སྙིང་པོ་ཟབ་པའི་ངེད་ཅག་གི་ཚེ་སྲོག་བླ་གསུམ་དང་བཅས་པ། ས་ཆེན་པོའི་གཞི་དང་ཆུ་དྭངས་མོའི་འགྲམ། མེ་དྲོན་མོའི་མདུན་དང་རླུང་བསིལ་མོའི་པང་དུ་འཕོས་པ་ཉིན་ནས་བཟུང་། ས་ཆུ་མེ་རླུང་ནི་ངེད་ཅག་གི་མི་ཚེའི་དཀར་ངོགས་ནང་དུ་ལུས་སེམས་གཉིས་བསྙེས་བྱེད་ཀྱི་གཡུ་ལོ་སྡུ་གུ་དང་། དུས་དང་ཚེ་སྲོག་གི་བར་གསེང་ལ་འཕྲོས་པའི་འོད་ཀྱི་ཕུང་པོ་རེ་རེར་ངོས་འཛིན་ཆོག་པས། མ་འོངས་པའི་ལེགས་ཉེས་ཅི་རིགས་ཀྱི་ཁྲོད་འབྱུང་བའི་བླ་ན་མཐོ་བའི་བཀའ་དྲིན་གྱི་འདབ་མ་རེ་རེ་ངེད་ཅག་གི་དྲན་པའི་གཏིང་ལ་བརྡབས་ཏེ་ཟུངས་ཁྲག་གི་གསོས་སུ་སྨིན་པའི་གཏམ་རྒྱུད་ཀྱི་ཕྱི་ནང་བར་གསུམ། ང་ལ་མཚོན་ན། ནམ་ཡང་དྲན་རི་བའི་བསྐལ་བའི་བརྗེད་ཐོ་ཞིག་ཏུ་རྩི་བཞིན་ཡོད་ཨང་།

འཚོ་བའི་ཁྲོད་ངས་ནམ་ཡང་རང་ཉིད་ལ་འདི་ལྟར་དྲན་སློང་བྱེད་ཀྱིན་ཡོད་དེ། གལ་ཏེ་མིའི་རིགས་ཀྱི་ལྷག་བསམ་དང་བརྩེ་བས་འཐག་པས་མཆོད་པ་མ་ལུས་ས་ཆུ་མེ་རླུང་གི་གསོས་སུ་བཏེགས་ན། ནམ་ཞིག་དེས་བསྐྱེད་པའི་མཛེས་སྡུག་དང་དབྱངས་ཀྱི་ང་རོ་ཡོད་རྒུ་འགྲོ་བའི་ལོངས་སྤྱོད་ཀྱི་ཁབ་ཏུ་སྨིན་པས། ཐོག་མ་ཉིད་ནས། ངེད་ཅག་གི་འབྲེལ་བ་ནི་ཚེ་ལོ་དཔག་མེད་དུ་དོ་སྙོམས་དང་གཅིག་བརྟེན་འབའ་ཞིག་ཏུ་འཚོ་བའི་ལས་ཀྱི་བདག་རྐྱེན་རིགས་ཤིག་ཅི་ལ་མི་ཆོག།

མདང་། རྨི་ལམ་ཞིག་རྨིས་བྱུང་། དྲོད་ལམ་ལམ་དང་འཁྱག་སིབ་སིབ་ཀྱི་རྨི་ལམ་ཞིག་རྨིས་བྱུང་། རྨི་ལམ་དུ། གློ་བུར་ང་རང་གཡའ་དག་པའི་བྱིས་དུས་ཀྱི་ལོ་ཟླ་ཞིག་ཏུ་བསྐྱལ་ཅིང་། རང་དང་ན་མཉམ་པའི་རྩེད་གྲོགས་ཚོ་དང་ལྷན་དུ་རྩེད་མོ་སྣ་ཚོགས་ཀྱི་བསླུ་བྲིད་ལ་མགོ་འཁོར་འདུག རྩེ་བཞིན་རྩེ་བཞིན། ངེད་ཅག་གིས་མ་བགྲོས་གཅིག་མཐུན་དུ་རང་ཉིད་ཀྱིས་བྲི་ན་འདོད་པ་མཐའ་དག་རེ་ཞིག་མཛུབ་ཆུང་བཀོལ་ཏེ་ས་ནང་དུ་བྲི་འགོ་བརྩམས། ཏབ་ཅིག་འགོར་རྗེས། ཉི་འོད་དང་རྩྭ་ལྗང་གི་རྨི་ལམ་ཁྲོད་འདོད་མོས་ཀྱི་སྒང་ལ་བྲིས་པའི་གཟུགས་དབྱིབས་སྣ་ཚོགས་མུ་ཏིག་བཞིན་མཐོང་ལམ་དུ་ཐོར་ཞིང་། ལ་ལས་རང་ལ་བརྩེ་བ་ཆེ་བའི་ཕ་མ་དང་ཁྱིམ་ནང་གི་སྣོད་ཅ་ལག་ཐད་སོར་བྲིས་པར་ཕན་ཚུན་ཁས་མི་ལེན་པའི་སྐེ་ཚིགས་འཁྱོགས་ནས་བསྡད་ཅིང་། རེ་འགས། བྱེ་ཁུག་དང་ཤིང་སྒམ་སོགས་འཆའ་རྒྱུར་ལོབས་པའི་ཙི་གུ་དང་མེ་ཏོག་ཉི་དགའི་བཟོ་ལྟ་འདྲ་ཆགས་པོར་མཛུབ་མོ་ཀེར་ཏེ། རང་ཉིད་ཀྱིས་བྲིས་པའི་ཁྱད་ཆོས་དང་ཡོན་ཏན་རྣམས་ཡང་ནས་ཡང་དུ་སྤྱོམ་པར་བྱེད། སྐབས་དེར། ངས་ཡུན་རིང་ཞིག་ལ་བསམ་བློ་བཏང་རྗེས་མིའི་གཟུགས་ཁོག་ཅིག་ལམ་སང་བྲིས་ཤིང་། དེ་ལ་ཆེ་ཞིང་སྒོར་བའི་མིག་ཟུང་དང་རིང་ཞིང་སྦོམ་པའི་རྐང་ལག ད་དུང་། ཕོ་བའི་དཀྱིལ་ལ་གློ་སྙིང་ཞིག་བྲིས་པར་དེ་གར་ཡོད་པའི་རྩེད་གྲོགས་ཚོས་བསྲན་མ་ཚུགས་པའི་དགོད་ཁ་ལྷུག་ལྷུག་ཏུ་ཤོར་ཅིང་། སྐབས་རེར་འཕྱས་གདགས་པའི་ལག་ཟུང་བརླ་ཐོག་ཏུ་ཡང་ཡང་རྡེབ་ཀྱིན། འདི་ལྟར་ཉིན་གཅིག་གི་དུས་ཚོད་མཐའ་དག་འཁྲུག་ཆའི་ཁྲོད་ཇི་ལྟར་བཞུད་པའང་གཏན་ནས་ཤེས་ཀྱིན་མེད།

ཁོ་ཚོའི་འཛེམ་བག་ཡེ་ནས་མེད་པའི་འཕྱ་ཉམས་ཀྱི་བཟོ་ལྟ་སྣ་ཚོགས་ཀྱིས་ང་ཡི་སེམས་གཏིང་ལ་ཆུ་འཁྱག་བླུགས་ཏེ་རེ་ཞིག་གྲང་ཤུར་ཤུར་བཏང་མོད། ངས་སྔར་བཞིན་ང་རྒྱལ་གྱི་སྐྲ་ལོ་ལྟག་པར་དཔྱངས་ཏེ་རང་ཉིད་ཀྱི་མཛུབ་རྩེ་ལས་འཕོས་པའི་མིའི་གཟུགས་ཁོག་དེ་ཚོར་ངོམ་སོ་བྱས་ཏེ་རེ་རེ་བཞིན་ངོ་སྤྲོད་བྱེད་ན་སྙམ། སྤྱིར་བཏང་། ངེད་ཅག་གི་བྲིས་པ་འདི་དག་རྐྱ་ཐིག་གཅིག་ཏུ་བཞག་སྟེ་ཅུང་གཤིབ་ཅིང་བསྡུར་ན། རྩེད་མོའི་ཡང་ལྕི་དང་མཛེས་པ་གང་ཅི་སྒྱེའུ་ནང་སྙུང་བུའི་དཔེ་རུ་འགྱུར་ལས་ཆེ་གཤིས། ངས་མིའི་གཟུགས་ཁོག་ཆེན་པོ་འདི་ཉིད་ངེད་ཅག་སྐྱེ་འགྲོ་ཐམས་ཅད་བསྐལ་བ་མ་སྟོངས་ཀྱི་ཚུན་དུ་འཚོ་གནས་བྱེད་སའི་སའི་གོ་ལར་ངོས་བཟུང་སྟེ། ཆེ་ཞིང་སྒོར་བའི་མིག་ཟུང་ནི་དྭངས་ཤིང་ལྷུང་ལྷུང་བཞུར་བའི་ཆུ་བོ་དང་། རིང་ཞིང་སྦོམ་པའི་རྐང་ལག་དྲོ་ཞིང་ལྷབ་ལྷུབ་མཆེད་པའི་མེ་ལྕེ། ད་དུང་། ཕོ་བའི་དཀྱིལ་གྱི་གློ་སྙིང་ཡངས་ཤིང་ཤིག་ཤིག་གཡོ་བའི་རླུང་གི་དཀྱིལ་འཁོར་གྱི་མཚོན་དོན་དུ་བལྟས་ཤིང་། རང་ཅག་འགྲོ་བ་འཚོ་བྱེད་ཀྱི་གཟུང་ཐག་ལྟ་བུའི་འབྱུང་གཞིའི་དྲིན་ཚོར་ཏེ་བརྩི་མཐོང་ཡག་པོ་མ་བྱས་པར་ལུས་ན། ནམ་ཞིག་ངེད་ཅག་གི་མགོ་ཐོག་ལ་མིས་དྲན་མ་མྱོང་བའི་རྟགས་དང་ཆག་སྒོ་སྣ་ཚོགས་འབྱུང་བར་ཐེ་ཚོམ་མེད་པ་མ་ཡིན་ནམ། དེ་ལྟར་བཤད་དུས། ཉེ་འཁོར་གྱི་རྩེད་གྲོགས་རེ་འགའ་གློ་བུར་ཧབ་ཆ་དིར་རེར་དགོད་ཅིང་། འདི་འདྲ་ཞིག་ཀྱང་མི་བྲིས་ན་ཨ་ཁུ་གཅོད་སྐྱབས་ཚང་གི་ཞི་ལི་ཀློའུ་ཁ་ནག་གི་དོ་ཟླར་གྱུར་སོང་བ་མིན་ནམ་ཞེས་རང་རློམ་གྱི་ཁྲོད་མཚམས་རེར་སྐད་གདངས་མཐོ་རུ་བཀྱགས་ཏེ་དེ་སྐད་བརྗོད་པར་བྱེད། ཡང་རེ་འགས་ཅི་ཡང་མི་སྨྲ་བར་མིག་ཟུང་རིག་རིག་གིས་བལྟས་འདུག་པ་མཐོང་དུས། ཡང་སྙིང་ཁོ་ཚོས་གནས་ལུགས་ཅི་ཞིག་རྟོགས་པས་ཡིན་པའང་འདྲ།

གང་ལྟར། རང་ཉིད་ཀྱིས་བྲིས་པའི་རི་མོའི་མདུན་དུ། འཁོར་བའི་དམིགས་པ་ཅི་ཞིག་ལ་འཆར་གཞི་འཐེན་པ་ལྟར་རེ་ཞིག་ཧད་ནས་སྡོད་ཀྱིན། བརྒྱ་ལ། མི་ཁོམ་པའི་གནས་མལ་དུ་བང་འགྲན་བྱེད་པའི་སྐྱེ་འགྲོ་ཡོད་དོ་ཅོག་ནམ་ཞིག་ས་ཆུ་མེ་རླུང་དང་འཆམ་མཐུན་མཉམ་གནས་བྱེད་པའི་སྒྲིག་གཞི་ཧྲལ་ཧྲུལ་དུ་འགྱུར་དུས། ད་གཟོད་ས་ཡོམ་རྒྱུག་ཅིང་ཤྭ་འོད་རྒྱུག་པ། ཐན་དང་ཙད་གོག་སོགས་ཀྱིས་མཚོན་པའི་རང་བྱུང་གི་གནོད་འཚེ་སྐྱི་གཡའ་བས་ངེད་ཅག་གི་འཚོ་གནས་ལ་མི་རྒོལ་བའི་ངེས་གཏན་ཡང་སོམ་ཉིའི་གནས་སུ་འདུག་ཕྱིར། སའི་གོ་ལའི་ཕྱག་ཟུང་གིས་བསྐྱངས་ཡོང་བའི་བུ་ཕྲུག་རེ་རེ་དུས་གཏན་དུ་རང་ཉིད་ཀྱི་ཨ་མའི་ཤ་ཞེན་དང་བཀའ་དྲིན་ཚོར་བའི་མི་དྲི་བྲོ་མཁན་ཞིག་ཏུ་གྱུར་དུས་བརྡབ་གསིག་སྣ་ཚོགས་ཀྱིས་ཉེ་བར་བསྐྱེད་པའི་རྨ་ཁ་དེ་ཚོ་ཡང་རིམ་བཞིན་ཇེ་ཉུང་དུ་འགྲོ་ངེས་ཨང་། ངས་དེ་ལྟར་སྙམ་པའི་མོད་ལ། གློ་བུར་དུ། མཁའ་ལས་འབྲུག་སྒྲ་ལྡིར་ལྡིར་གྲགས་ཤིང་གློག་ཞགས་ཤིག་ཤིག་ཏུ་འཁྱུག་སྟེ་ཆར་བ་ཟོ་ཁ་ལས་བྱོ་བ་བཞིན་བབས་བྱུང་ལ། རྒྱུན་རིང་ལ་འབབ་ཞོད་ཆེ་བའི་ཆར་བའི་ཚོགས་ཀྱིས་ངེད་ཅག་གྲོང་ཚོའི་སྡོད་ཁང་དང་ས་ཞིང་སོགས་སྡུག་པོར་བཏང་ཞིང་། དེ་སྔོན་ས་ཐོག་ཏུ་བྲིས་པའི་རི་མོའི་སྣང་བརྙན་དག་ཀྱང་རབ་རིབ་ནས་མག་མོག་ཏུ་ཆགས་ཀྱིན་རིམ་བཞིན་མི་སྣང་བར་གྱུར་སོང་། ཨ་ཨ། ད་ནི་ཡིག་འབྲུས་གང་གིས་ཀྱང་མཚོན་དུ་མེད་པའི་མིག་མདུན་གྱི་སྣང་ཚུལ་སྐྱོ་པོ་འདིས་ང་ལ་སྐེ་རྩ་འབྲེག་པ་ལྟ་བུའི་ན་ཟུག་ཅིག་བསྟུད་མར་ལངས་ཏེ། ངག་ལས་ཨག་སྐད་ཅིག་དབང་མེད་ཤོར་བ་དང་མཉམ་དུ་ང་རང་གཉིད་ལས་བསྒུལ་བྱུང་། ལག་པ་བྲང་ལ་བཞག་སྟེ་ཞིབ་ཏུ་བསམ་དུས། ཡོད་ཚད་རྨི་ལམ་ཡིན་པ་ཚོར་ཅིང་། དཔྲལ་ངོས་ནས་ཤམ་ཤམ་བཞུར་ཡོང་བའི་རྔུལ་ཆུས་མལ་ཁྲིའི་ཕྱི་ནང་ཡོངས་སུ་བརླན་ཞིང་། མ་གཞིར་ང་རང་གཉིད་ལས་སད་པའི་རྒྱུ་རྐྱེན་གཞན་གང་ཡང་མིན་མོད། འོན་ཏེ། སྒེའུ་ཁུང་ཕྱི་རོལ་ཏུ་བར་མེད་གོ་ཐུབ་པའི་ས་རྐོ་འཕྲུལ་ཆས་ཀྱི་འཛེར་སྒྲས་ང་ཚོའི་གྲོང་ཚོའི་ཡུལ་ལྗོངས་ཧྲིལ་བོར་མཁའ་དབུགས་མི་གཅིག་པ་ཞིག་རྡུལ་བཞིན་མཆེད་ཀྱིན་པ་དེའོ།

མདང་གི་རྨི་ལམ་གྱི་རྐྱེན་པས་ཡིན་ནམ། གང་ལྟར་བདག་ཏུ་མེད་པའི་སེམས་ཁ་ཟིང་ཟིང་པོར་ཆགས་ཏེ་ཅུང་ལྷོད་ལ་དབབ་མི་ནུས་པའི་ཡང་སྙིང་ཆ་མ་འཚལ་མོད། ཡིན་ནའང་། རྨི་ལམ་དུ་ཤག་ཤག་བབས་པའི་མདང་གི་ཆར་ཞོད་དེས་ང་ཡི་མཛུབ་རྩེ་ལས་བྲིས་པའི་རི་མོའི་བཟོ་ལྟ་ད་དུང་མ་འཇིག་སོར་གནས་སུ་བསྐྱུར་ཡོད་དམ། སྒེའུ་ཁུང་ཕྱི་རོལ་དུ་བལྟ་བཞིན་ངས་དེ་ལྟར་ཡང་ཡང་སྙམ་བྱུང་། ཡང་ཡང་སྙམ་བྱུང་།



  • ལེ་ཚན་སྔོན་མ།:ང་ཡི་ནར་སོན་གྱི་ལོ་ཟླ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།