སེམས་ཀྱི་རྡོག་ཁྲེས།

མགར་ལྷུན།        2022-06-10

རི་བོའི་མཐོ་སར་འགོས་ཏེ་ཕ་ཡུལ་ཞེས་པའི་ཡུལ་གྲུ་འདིར་རྒྱང་ལྟ་བྱེད་དུས། རླངས་འཁོར་གྱི་འགྲོ་འོང་དབེན་པའི་རྡེའུ་ལམ་སྐྱ་བོ་དེ་མིག་ལམ་དུ་མངོན་ཡོང་། བགོ་སྐལ་དུ་གྱུར་པའི་རྡེའུ་ལམ་དེ་ནི་ཕ་ཡུལ་གྱི་ལུང་པ་འདི་དང་ལས་འཕྲོ་ཟློག་མེད་ཅིག་ཡོད་པ་འདྲ་སྟེ། ཕ་ཡུལ་ཕུ་ཐུང་འདྲ་བ་འདིའི་པང་དུ་གཏན་དུ་བྲལ་བ་མེད་པ་ལྟར་སྣང་། རྡེའུ་ལམ་དེའི་གཡས་ཟུར་དུ་ཆགས་པའི་རང་ཁྱིམ་དེ་ནི་མི་ལོ་བཞིའི་ཡུན་དུ་འགྱུར་བ་བག་ཙམ་མེད་པར་སྔར་ལྟར་དུ་ཅི་ཞིག་ལ་ཐུགས་བསམ་གཏོང་བ་ལྟར་སྒམ་བརླིང་ངང་གནས།

ལོ་བཞིའི་ཡུན་དུ་ས་སྒང་རིལ་རིལ་འདིའི་གནས་ག་ཤེད་ཅིག་ཏུ་རྒྱ་ཁྱོན་ཆུང་དུ་བཟུང་བའི་རང་ཁྱིམ་དང་། དེའི་མཐའ་འཁོར་གྱི་རི་ལུང་ཐང་གསུམ་ལ་སོགས་པར་ངའི་ཨ་ཕ་ལགས་ཀྱི་ཞབས་རྗེས་ཕབ་མ་མྱོང་།

ད་ལན་ང་རི་མགོར་འཛེགས་ནས་སེམས་ལྷོད་པོ་དང་སོས་དལ་མོའི་ངང་ཕ་ཡུལ་ལུང་པའི་མགོ་མཇུག་བར་གསུམ་དུ་ཞིབ་མོར་བལྟས་ན། རི་ལུང་འདིའི་གནས་གང་རུང་ཞིག་ནས་ཨ་ཕ་འདུར་ཞིང་རྒྱུགས་པའི་གྲིབ་གཟུགས་དེ་ཉིད་སྣང་ངོས་སུ་འཆར། ཨ་ཕ་ལགས་ནི་གནས་འདི་ནས་སྐྱེས་ཤིང་ས་འདི་ནས་རྒས་ཏེ། མཇུག་མཐར་ཡུལ་འདི་རུ་ངེད་ཅག་དང་གཏན་དུ་གྱེས། ཁོ་བོའི་མི་ཚེ་གང་བོ་ངེད་ཕུ་ནུ་ཚོའི་དོན་དུ་ཟད་ཅིང་། ཕ་ཡུལ་གྱི་རི་དང་ལུང་པ་ཀུན་ན་ཁོང་གིས་བཞག་པའི་གཟུགས་མེད་ཀྱི་རྗེས་ཤུལ་དཔར་ཡོད།

ལོ་ཟླ་མང་པོ་ཞིག་གི་ཡར་སྔོན་དུ། ཨ་ཕ་ངེད་གཉིས་ཀྱིས་རི་སྒང་འདིར་ཕྱུགས་འཚོ་མྱོང་། སྐབས་དེར་ངས་དགུན་ཁའི་གྲང་ངར་ལ་མ་བཟོད་པར་ངུ་ངག་འདོན་དུས། ཨ་ཕས་ནམ་རྒྱུན་དུ”ཨ་ཕའི་གཅེས་ཕྲུག་ནར་སོན་ནས་གསར་རྒོད་ཅིག་འཁྱོངས་འདུག་པས། ཙེག་འདི་འདྲར་བཟོད་མ་ནུས་ཚེ་སྡེ་བས་འཕྱ་ངེས་ཡིན”ཞེས་སེམས་ཤུགས་སྦྱིན་པར་བྱེད། ཡང་སྐབས་ལན་རེར་ང་སྒྱིད་ལུག་ངང་ཁོང་གི་མངགས་བཅོལ་ལྟར་མ་སོང་ཚེ་རྡེའུ་མཐེ་བོང་འདྲ་རེ་ངའི་ཕྱོགས་སུ་གཡུགས་ཏེ་ང་ལ་གཤེ་གཤེ་གཏོང་། རུས་རྐང་གཟེར་བའི་དགུན་ཁའི་ལྷགས་རླུང་གི་ཁྲོད་ནས་ཁོང་ཉིད་ནམ་ཀུན་ངའི་མདུན་དུ་འགྲེངས་ནས་ཙེག་འགོག་པར་བྱེད་ཅིང་། ལན་རེར་ངའི་ལྷམ་གཉིས་ཕུད་དེ་ཁོ་བོའི་དྲོ་ཞིང་ཆེ་བའི་ཕོ་བར་གླན་ནས་བསྲོས་ན་ངའི་ལུས་ཧྲིལ་བོར་དྲོད་འཇམ་ལྡན་པའི་ཚོར་བ་ཞིག་གིས་ཡོངས་སུ་བརྟས་ཡོང་།

མི་ལོ་བཅུ་ལྷག་གི་རྗེས་ཀྱི་དེ་རིང་ཨ་ཕ་ངེད་གཉིས་ཀྱིས་ཕྱུགས་འཚོ་སའི་རི་སྒང་འདི་རུ་འདི་ལྟར་ཕྱིར་དྲན་ཐེངས་ཤིག་བྱེད་དུས། རྒྱང་རིང་དུ་གྱེས་པའི་ཨ་ཕ་ལགས་ལྷག་ཏུ་དྲན། ཨ་ཕ་མེད་པའི་ལོ་འདི་ལ་ངས་སེམས་ཀྱི་ཟབ་ས་ཞིག་ནས་ཁོང་གིས་གཤེ་གཤེ་གཏོང་བའི་རྣམ་འགྱུར་དང་། སྒམ་བརླིང་ངང་སྐད་ཆ་བཤད་པའི་བཟོ་ལྟ། ད་དུང་ཡིད་ཀྱི་དགའ་སྤྲོ་ཕྱིར་མི་མངོན་པའི་གཤིས་ཀ། སོས་དལ་ངང་བསམ་བློ་གཏོང་བའི་སྣང་བརྙན་སོགས་ཡིད་ཀྱི་སྤང་ཐང་ནས་གཏན་དུ་བོར་མ་མྱོང་།

དེ་རིང་ནི་ཨ་ཕ་ང་ཚོ་དང་གྱེས་པའི་མི་ལོ་བཞིའི་རྗེས་ཀྱི་འདས་སྐར་ཡིན་ཏེ། ཨ་ཕ་ལགས་སྐྱེས་ནས་འཚར་ལོངས་བྱུང་སའི་ཕ་ཡུལ་དང་། སྙིང་ཉེ་བའི་ཁྱིམ་མི་ཚོ། མ་ཟད་འཇིག་རྟེན་གྱི་ཟིང་ཟིང་དང་རྙོག་འཛིང་དག་དང་བྲལ་ནས་ལྷིང་འཇགས་དང་དབེན་གནས་ཀྱི་ཡུལ་གཞན་ཞིག་ཏུ་བཞུད་པའི་ཉིན་མོ་དེ་རུ་ཟད།

ཡུན་རིང་པོ་ཞིག་ཏུ་རི་སྒང་འདིར་བུད་ནས་ཕ་ཡུལ་གྱི་ཡུལ་གྲུ་ཀུན་ལ་རྒྱང་ལྟ་བྱེད་པའི་སྐལ་བ་ལྡན་མ་སོང་། ཨ་ཕའི་འདས་སྐར་ཀྱི་ཉིན་འདིར་བསམ་གཟས་ནས་ཕ་ཡུལ་དུ་ལོག་ཅིང་གནས་འདི་རུ་ཡོང་ནས་འདས་སོང་གི་བྱུང་བ་མང་པོ་ཞིག་ལ་ཕྱིར་དྲན་བྱས་པ་ཡིན། ཨ་ཕ་གླེང་ཚེ་ཕ་ཡུལ་ནི་ངེས་པར་དུ་གླེང་དགོས་འདུག། རྒྱུ་མཚན་ཨ་ཕ་དང་ཕ་ཡུལ་གཉིས་ནི་བྲལ་དུ་མེད་པའི་ཆོས་ཉིད་ཅིག་སྟེ། ཨ་ཕའི་མི་ཚེ་གང་བོའི་ཞབས་རྗེས་དང་བྱུང་བ་མཐའ་དག་ཕ་ཡུལ་གྱི་རི་ལུང་ཀུན་ཏུ་བཀོད་ནས་འདུག་པས་ཡིན།

མི་ལོ་བཞིའི་སྔོན་གྱི་དེ་རིང་གི་ཉིན་མོར། ཕ་ཡུལ་གྱི་རི་ལུང་ཀུན་ཏུ་གདུང་འབོད་དང་ངུ་ངག་ལས་མི་འདུག། དེ་རིང་གི་ཉིན་མོ་འདི་ནི་ངའི་ཡིད་ཀྱི་རི་རྩེ་ནས་གཏན་དུ་དྭངས་ཐབས་མེད་པའི་སྡུག་གི་ན་བུན་དེ་ཡིན་པས། ངའི་མི་ཚེ་གང་བོར་སེམས་སུ་ཉར་བའི་ལྗིད་ཏིག་ཏིག་གི་རྡོག་ཁྲེས་ལས་མི་གདའ།



  • ལེ་ཚན་སྔོན་མ།:མཐར་ཕྱིན་མེ་ཏོག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།