དཔྱིད་ཀྱི་དྲན་འཕྲིན།

ཐབ་ཀ་བ།        2022-05-20

སྙིང་ཉེ། ནམ་དུས་དཔྱིད་ཀ་ཟིན་དུས། འུ་གཉིས་ཀྱི་བརྩེ་དུང་ལ་སྦྲང་ཆར་སིམ་སིམ་འབབ་པའི་དུས་ཚིགས་ཤིག་ཡིན་པ་དེ་དྲན་ནམ། དུས་ཚིགས་འདི་འདྲ་ཞིག་ལ་ཀྭ་པི་ལུན་ཟེར་བའི་ཟ་ཁང་དེར་འགྲོ་རྒྱུའི་གྲོས་མོལ་བྱས་པ་དེ་དྲན་ནམ། དེ་དུས་འུ་གཉིས་གློག་སྒུལ་སྦག་སྦག་བཞོན་ནས་འགྲོ་དུས་རྒྱབ་ལོགས་ནས་ཁྱོད་ཀྱི་འཛུམ་ཚེར་ཚེར་གྱིས་ང་ལ་ཤ་གཅུས་ཤིག་བརྒྱབ་པ་དེ་དྲན་ནམ། དེ་ནི་ཁྱེད་ཀྱི་ང་ལ་དགའ་བའི་སེམས་ཀྱི་མཚོན་རྟགས་ཡིན་སྲིད་ལ། ན་ཆུང་གཉིས་ཀྱི་བརྩེ་དུང་གིས་དྲན་རྟེན་ཡང་ཡིན་སྲིད། འོན་ཀྱང་། དཔྱིད་ཀྱི་དུས་ཚིགས་སླེབ་བཞིན་ངའི་སྙིང་ལ་ཆགས་པའི་སྨུག་ཐིག་དེས་ངའི་དྲན་པའི་ངོས་ལ་སྨུག་སྤྲིན་ལན་རེར་འཁྲིགས་པ་ཁྱེད་ཀྱི་ཤེས་བསམ།

སྙིང་ཉེ། སྒྲོག་རྩེ་གཅིག་གི་སྟེང་ནས་ཁྱོད་ནི་ངའི་མ་འོངས་པའི་ཆུང་མ་ཞེས་པའི་འཁོར་ས་དེ་ཡིན་བསམ་མྱོང་ལ། དེ་བས། འུ་གཉིས་ཐུན་མོང་ལ་དབང་བའི་ཁྱིམ་ཚང་ཞེས་པའི་མགྲོན་ཁང་ཞིག་ཀྱང་ཡོད་པ་སྣང་ངོར་ཤར་མྱོང་། ད་དུང་ངས་བཤད་པའི་སྐད་ཆ“ང་ནི་གསོན་ན་ཁྱོད་ཀྱི་མི་ཡིན། ཤི་ན་ཁྱོད་ཀྱིས་འགྲོ་རོགས་ཡིན”ཟེར་བའི་སྐད་ཆ་རྫིག་པོ་དེ་དྲན་རྒྱུ་འདུག་གམ། ཁྱོད་ནི་ངའི་མ་འོངས་པའི་འཇིག་རྟེན་གྱི་མཁའ་དབྱིངས་འདེགས་པའི་ཀ་བ་དེ་ཡིན་ཟེར་བའི་སྙིང་གཏམ་མཚར་པོ་དེ་དྲན་རྒྱུ་འདུག་གམ། ངས་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་ཕྱིར་དྲན་རེ་བྱེད་དུས། སེམས་པའི་མཁའ་དབྱིངས་སུ་དྲན་པའི་རྣམ་ཤེས་རེ་འཁོར་དུས་མཚན་གུང་གི་གཉིད་ཐེབས་ཆག་པ་ཡང་ཐེངས་རེ་གཉིས་ཙམ་ག་ལ་ཡིན།

སྙིང་ཉེ། དེ་དུས་ཁྱོད་ཀྱི་སྒྲོག་རྩེ་དེའི་སྟེང་ནས་སྙིང་གཏམ་གྱི་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་ཡོང་དུས་ངའི་ཡིད་ཀྱི་དྭངས་ཁར་སྤྲོ་བའི་བདུད་རྩི་རེ་སྟེར་བྱུང་། དགའ་བས་ཕབ་པས་སྙིང་གཏམ་དེ་དག་དྲན་ཡོང་དུས། ད་ལྟའི་དུས་སུ་ཁོ་བོར་བཞུར་རྒྱུ་མེད་པའི་མིག་ཆུ་ཞིག་ཡ་ཆུང་སེམས་ཀྱི་ལྟེང་ཀར་འཁྱིལ་བྱུང་ལ། ངས་ཁྱོད་ལ་མང་པོ་མང་པོ་ཞིག་ཆད་པའི་སྣང་བའང་བར་མེད་ཡིད་ལ་ཤར་བྱུང་བས། ཆད་ཟིན་པ་དེ་དག་ལ་ཁོ་བོས་དགོངས་འགལ་མེད་པར་ཞུ།

སྙིང་ཉེ། ད་དུང་ཟ་ཁང་དེའི་ཉེ་འགྲམ་ན་ཡོད་པའི“གྲོང་ཁྱེར་གྱི་མེ་ཏོག་ཚོང་ཁང”ཟེར་བའི་མེ་ཏོག་ཚོང་ཁང་ཞིག་ཡོད་པ་དེ་དྲན་རྒྱུ་འདུག་གམ། འུ་གཉིས་ཟ་མ་བཟས་ཚར་རྗེས། ཁྱོད་ཀྱིས་ང་རང་མེ་ཏོག་ཉོ་ས་དེར་ཁྲིད་ནས་མེ་ཏོག་ཆུང་ཆུང་ཞིག་ཉོས་པ་དེ་དྲན་རྒྱུ་འདུག་གམ། ད་ལྟའི་དུས་སུ་མེ་ཏོག་དེ་ནི་ངའི་སེམས་པའི་དྲན་རྟེན་དུ་གྱུར་ནས་བརྗེད་རྒྱུ་གཏན་ནས་མི་འདུག། དེའི་རྗེས་ནས་མེ་ཏོག་ཚོང་ཁང་གི་གཡོན་འགྲམ་ན་དཔེ་ཁང་ཡང་གནས་སྤོ་བྱས་པ་ཁྱོད་ཀྱིས་ཤེས་བྱུང་ངམ། ཤེས་ཡོད་ན་ཁྱོད་ཀྱི་ང་ལ་ལྐོག་བལྟ་རེ་བྱེད་མྱོང་ཡོད་དམ།

སྙིང་ཉེ། མེ་ཏོག་ཉོས་ཚར་རྗེས་ང་གཉིས་བཀྲ་ལྷུན་ཐང་ཆེན་བརྒྱུད་ནས་ཉལ་ཁང་དུ་ལོག་སོང་བ་དེ་དྲན་རྒྱུ་འདུག་གམ། ད་དུང་ལམ་བར་ནས“ངའི་སྐྱིད་ཀྱི་འཛུམ་ཆུང་སྟོན་ས་ཁྱེད་ཉིད་ཡིན་ལ། ངའི་སྡུག་གི་ཁུར་བོ་འདེགས་སའང་ཁྱེད་ལས་སུ”ཞེས་པའི་ཁྱོད་ཀྱི་བཤད་པའི་སྐད་ཆ་དེ་དག་ད་ལྟ་དྲན་རྒྱུ་འདུག་གམ། སྐབས་དེ་དུས་ང་ལ་ཅི་ཡང་མེད་ཀྱང་རུང་། ཁྱོད་ཉིད་མེད་པས་མི་ཆོག་བསམས་མྱོང་། འོན་ཀྱང་། ད་ལྟ་དེ་དག་བསམ་ཡོང་དུས་དེ་དག་ནི་འབྲས་བུ་མེད་པའི་དཔྱིད་ཀྱི་མྱུ་གུ་ཙམ་ཞིག་རེད་འདུག།

སྙིང་ཉེ། དེ་དུས་ང་ཁྱོད་ལ་ཞེ་འདང་ཆེ་བར་རྒྱུ་མཚན་མེད་པ་ག་ལ་ཡིན། ཁྱོད་རང་རིག་གནས་ལ་དགའ་ཞེན་འདུག་བསམ་མྱོང་ལ། དེ་ཁོ་ནས་ཁྱོད་ཀྱི་བློ་གྲོས་ཀྱིས་མིག་རྒྱང་མཐོང་གི་འདུག་བསམ་མྱོང་། དེ་བས། འུ་གཉིས་ཐུན་མོང་ལ་དབང་བའི་དགའ་ཞེན་ཡང་གཅིག་མཚུངས་རེད་བསམས་ནས། ཚེ་རབས་ཀུན་ཏུ་འུ་གཉིས་ཀྱི་དགའ་ཞེན་ལ་བར་ཆད་མེད་པའི་སྨོན་ལམ་རེ་ཡང་བཏབ་མྱོང་།

སྙིང་ཉེ། དེ་དུས་ཁྱོད་ཀྱིས་རིག་གནས་ལ་དགའ་ཞེན་བྱེད་པ་དེ་ནི་ནར་མ་སོན་པའི་ལྗང་པ་ཞིག་དང་གཅིག་མཚུངས་རེད། མཚམས་མཚམས་སུ་ཁོ་བོས་ཁྱོད་ཀྱི་ཉེ་འགྲམ་དུ་དཔེ་ཀློག་རེ་བྱེད་དུས། ཁྱེད་ཀྱིས་དཔེ་ཀློག་གི་བརྗོད་གཞིའི་སྐད་ཆ་རེ་འདྲི་མྱོང་ལ། མཚམས་རེར་སུན་སྣང་དང་ལེ་བདའ་རེ་ཡང་བྱས་མྱོང་། ང་རང་གི་ང་རང་ལ་ཡང་དྲི་ཚིག་རེ་བཀོད་མྱོང་། རྗེས་ནས་ང་ལ་འདེམས་པའི་ལམ་བུ་གཉིས་ལས་མེད་པ་འདྲ། གཅིག་ནི་ཁྱོད་ཀྱི་དོན་དུ་རང་ཉིད་ཀྱི་དགའ་ཞེན་བློས་གཏོང་བྱ་རྒྱུ་དེ་རེད། ཡང་ན་དགའ་ཞེན་གཙིགས་སུ་བཟུང་ནས་ཁྱོད་རང་བློས་གཏོང་བྱ་རྒྱུ་དེ་རེད། སྙིང་ཉེ། ད་ཆ་ངས་ཁྱོད་ལ་དགོངས་འགལ་མེད་པ་ཞུ། ངས་རང་ཉིད་ཀྱི་དགའ་ཞེན་དེ་མི་བདམས་ཐབས་མེད་བྱུང་སོང་། གང་ལགས་ཤེ་ན། དེའི་དོན་དུ་མང་པོ་མང་པོ་ཞིག་བློས་བཏང་བྱས་ཡོད་པས། ཁྱོད་ལ་དགོངས་འགལ་མེད་པར་ཞུ།

སྙིང་ཉེ། འདས་ཟིན་པའི་འུ་གཉིས་ཀྱི་བརྩེ་དུང་ནི་ཁ་སང་གི་གནས་ཚུལ་དང་འདྲ་བར་ངའི་བློ་ངོ་ནས་ཡལ་ཐབས་གཏན་ནས་མི་འདུག་པས། དེ་ནས་ངས་དུས་ཚིགས་རེ་ཟིན་ན་འུ་གཉིས་ཀྱི་འདས་ཟིན་པའི་བརྩེ་དུང་ལ་འཕྲིན་ཡིག་རེ་འབྲི་རྒྱུའི་ཆོད་སེམས་བརྟན་པོར་བཅངས་ཡོད་པས། ད་ལྟའི་བརྩེ་འཕྲིན་ཐུང་ཐུང་དཔྱིད་ཀའི་འཕྲིན་ཡིག་འདིས་འཐུས་ཆོག་པར་ཞུ། སླར་ཡང་དུས་ཚིགས་གཞན་གྱི་བརྩེ་འཕྲིན་ལ་ཁྱོད་ཀྱིས་རེ་བསྒུག་རེ་བྱེད་པར་སྨོན།།  • ལེ་ཚན་སྔོན་མ།:དབྱིངས་སུ་འཁྱིལ་བའི་ཕ་ཡུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།