གཉེན་སྒྲིག་གི་ཆོ་ག།

གཅན་ཚ་བཀྲ་བྷོས་བརྩམས།        2022-05-20

གཉེན་སྒྲིག་གི་ཆོ་ག།

ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དེ་བཞིན་དུ་གཉེན་སྒྲིག་བྱེད་པ་ནི་ཁྱིམ་ཚང་གི་རྩ་བ་དང། མི་ཚེ་གཅིག་གི་དོན་ཆེན་ཡིན་པར་བརྟེན། དེར་གཙིགས་ཆེན་དང་མཛད་སྒོ་སྤེལ་བའི་སྲོལ་ལུགས་ནི་མི་རིགས་མང་པོར་དར་སྲོལ་ཡོད། བོད་ཁུལ་དུ་གཉེན་སྒྲིག་གི་ཆོ་ག་སྤེལ་ལུགས་སྣ་ཚོགས་ཤིག་མཆིས་མོད། འདི་ནས་སྤྱིའི་ཆའམ་རིམ་པ་གཙོ་བོ་དག་གཞིར་བཟུང་ནས་བརྗོད་པ་ལ།

༡.གཉེན་རྟགས་རྒྱག་པ།

དེ་ཡང་ཕོ་གསར་མོ་གསར་གཉིས་གཉེན་སྒྲིག་བྱ་དགོས་ན་ཐོག་མར་ཕོ་གསར་ཚང་གིས་རང་གི་བུ་དང་བུ་མོ་ལ་མོས་མཐུན་བྱུང་བའི་བུ་མོ་དེའི་ལོ་རུས་སྤར་ཁ་འདེད་པ་སྟེ། གླང་ལུག་གཉིས་ཀྱིས་རི་རྩོད། ཁྱི་འབྲུག་གཉིས་ཀྱིས་ཐོགས་རྒྱག་ཅེས་དང་། ཁྱི་འབྲུག་སྐད་ཀྱི་བདུན་ཟུར། བྱི་རྟ་རྨིག་པའི་བདུན་ཟུར། སྟག་སྤྲེལ་ཟུར་གྱི་བདུན་ཟུར། ཕག་སྦྲུལ་ཚང་གི་བདུན་ཟུར། གླང་ལུག་རྡུང་བའི་བདུན་ཟུར། བྱ་ཡོས་ཟས་ཀྱི་བདུན་ཟུར་ཞེས་པ་སོགས་ལོ་རུས་སྤར་ཁ་མི་མཐུན་པར་གཉེན་མི་སློང་ཞིང་། ཡང་ལ་ལས་གཉེན་འདུན་དྲག་པོ་ཡོད་ན། ཆོས་ལུགས་ཀྱི་རིམ་གྲོ་སྣ་ཚོགས་བསྒྲུབས་ཏེ་ལོ་རུས་སྤར་ཁ་མི་མཐུན་པའི་བགེགས་དང་བར་ཆད་བཟློག་རྗེས་ད་གཟོད་གཉེན་སློང་བར་བྱེད།

གཉེན་སློང་བའི་ཐོག་མར་ཕོ་གསར་ཚང་གིས་རང་གི་ཁྱིམ་རྒྱུད་ནང་ནས། གཉེན་གྱི་འབྲེལ་ཡོད་ཡུལ་སྲོལ་དང་དེའི་ཐད་ཀྱི་གཏམ་སོགས་ཅུང་མཁས་པོ་ཡོད་པའི་རྒན་པོ་བསམ་ཤེས་ཤིག་བར་བ་ལ་གདན་དྲངས་ནས་སྔར་ལོ་རྩིས་དེད་ནས་རང་ཁྱིམ་གྱིས་ཐག་གིས་བཅད་ཡོད་པའི་མོ་གསར་ཚང་ལ་གཉེན་སློང་དུ་གཏོང་ཞིང་། གཉེན་གྱི་སློང་རྟེན་དུ་སློང་ཆང་ཞེས་སྤྱིར་བཏང་དུ་ཆང་རྒྱ་མ་གང་ནས་དོ་འཛིན་སྲོལ་ཤུགས་ཆེ་ལ་ད་དུང་ཁ་བཏགས་དང་ཇ་ནག། གོས་བཟོ་མགོ་གཅིག། སྒོར་མོ་བཅས་སྟེར་མཁན་ཡང་ཡོད། སློང་རྟེན་གྱི་གྲངས་དང་རིགས་ལ་གཏན་འཁེལ་མེད་པར་གཙོ་བོ་ཕོ་གསར་ཚང་གི་རྒྱུ་འབྱོར་བའི་ཆ་རྐྱེན་དང་བསྟུན་ནས་སྟེར། བར་བ་མོ་གསར་གྱི་ཁྱིམ་དུ་ཐོན་པ་ན་བུ་མོའི་ཕ་མ་གཉིས་གཙོ་བྱས་པའི་གཉེན་ཉེ་འབྲེལ་ཀུན་གཅིག་ཏུ་འཛོམས་ནས་གྲོས་ཚིག་རབ་དང་རིམ་པས། རང་གི་བུ་མོའི་ཚེ་གཅིག་གི་བཟའ་ཚང་གི་ཐད་ལ་བགྲོ་གླེང་བྱེད་ལ། ཡང་བགྲོ་གླེང་མི་བྱེད་པར་སློང་རྟེན་དག་འཁྱེར་ནས་བར་བ་ཕྱིར་འགྲོ་རུ་འཇུག་པའང་ཡོད། གང་ལྟར་དོན་དུ་ཕ་མ་གཉིས་ཀྱིས་ཐག་གཅོད་པ་ཤུགས་ཆེ། གལ་ཏེ་གཉེན་རྟགས་བརྒྱབ་པ་སྟེ་ཕན་ཚུན་འཐད་པ་བྱུང་ནས་སློང་རྟེན་དག་ཀྱང་མོ་གསར་གྱི་ཁྱིམ་གྱིས་དང་དུ་བླངས་པ་ན། བུ་མོ་དེ་ཐག་གིས་བཅད་ཟིན་པའི་རང་གི་མ་འོངས་པའི་ཁྱོ་བོར་དགའ་བོ་བྱས་ཏེ། རང་ལ་ཐ་ན་གྲོགས་ཡོད་ནའང་སྐབས་ཐོག་ནས་མཚམས་གཅད་དགོས། དེ་ལྟར་མ་བྱེད་ཚེ་བསམ་ཡུལ་ལས་འདས་པའི་དོན་དག་སྣ་ཚོགས་བྱུང་བའང་ཡོད། སྐབས་དེར་བུ་མོ་སློང་བའི་ཚིག་གི་རིམ་པ་དང་བཤད་པ་ཧ་ཅང་མང་ལ་དེ་དག་ཀྱང་རང་རང་གི་ས་གནས་གོམས་སྲོལ་ལྟར་ཤེས་པར་གྱིས།

༢. རྣ་བ་འཐེན་པའི་ཆོ་ག།

འདི་ལ་བྱེ་བྲག་གི་ཆོ་གའི་རིམ་པ་མང་ཡང་སྤྱིར་བཏང་ངམ་སྤྱི་ཁྱབ་ཀྱི་རིམ་པ་ནི། སྔོན་ཁྱིམ་ཚང་གཉིས་ཀས་རྟགས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དུས་ཚོད་ཅིག་ལ་གཉེན་སྒྲིག་གི་མཛད་སྒོ་སྤེལ་རྒྱུའི་དུས་བཅད་ལྟར་སྐར་ཚེས་བཟང་བོ་དེའི་སྔ་ཉིན་ཨ་ཞང་ཚང་གིས་མོ་གསར་གྱི་བག་སྐྲ་སླེས་ཏེ་རང་རང་གི་ས་ཆའི་ཁྱད་ཆོས་ལྟར་གྱི་འདོགས་ཆ་བཏགས་ནས་གྲ་སྒྲིག་བྱེད་ཅིང་། ཕྱི་ཉིན་གྱོན་པའི་ཚར་ལྭ་དང་། ཕྲུག་ལྭ། རྒྱན་ཆ། ཐ་ན་ནང་གོས་སོགས་ཀྱང་གཉེན་ཚང་གིས་འཁྱེར་ཡོང་དགོས། ཨ་ཞང་ཚང་གིས་ཉིན་མོ་དེར་རྟགས་རྟེན་འབྲེལ་གྱི་སྟོན་མོ་ཆུང་ཆུང་ཞིག་བྱས་ནས་ཤ་ཉེ་སྤུན་གྲོགས་དག་གིས་བྱིན་པའི་རྫོངས་པ་སོགས་གདང་ལ་བཤམས་ནས་ལམ་འཇུག་གི་གྲ་སྒྲིག་བྱེད་པ་ཡིན། དགོང་དྲོ་ཉི་མ་ཚང་ལ་ནུབ་རྗེས། མག་པ་དང་མག་རོགས་སམ་བར་བ་གཉིས་སླེབས་ཤིང་། ཉིན་དེར་མོ་གསར་གྱི་གཉེན་ཉེ་ཡོད་ཚད་འཛོམས་ནས་མོ་གསར་ལ་རྫོངས་པ་ཕུལ་བ་དང་མཉམ་དུ་བར་བའི་རྣ་བ་འཐེན་པའི་མཛད་སྒོར་ཞུགས། དེ་མིན་སྡེ་བའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མའང་ཁྱིམ་དེར་རང་འགུལ་གྱིས་འདུས་ནས་རྣ་བ་འཐེན་པའི་མཛད་སྒོར་བལྟ་གྲབས་བྱེད།

རྣ་བ་འཐེན་པའི་མཛད་སྒོ་འདི་ནི་གཉེན་སྒྲིག་སྐབས་ཀྱི་ཚང་མ་དགའ་བོ་བྱེད་པའི་རྩེད་མོའི་རྣམ་པ་ཞིག་རེད། སྐབས་དེར་དབང་ཆེ་བ་དང་འུར་རྒྱག་མཁན་ནི་མོ་གསར་སྡེ་བའི་མ་སྲུ་རྣམས་ཡིན་ལ། གཉོམ་འཁུར་བ་དང་སེམས་ལ་འཚུབ་ཆ་ལངས་པ་ནི་མག་པ་དང་བར་བ་གཉིས་ཡིན། གལ་ཏེ་བར་བ་ཁ་བདེ་ལྕེ་བདེ་ཞིག་ཡིན་ན་རྣ་བ་ཉོས་བྱེད་ཀྱི་གོས་དང་སྒོར་མོ་མང་པོ་ཞིག་སྟེར་མི་དགོས་པར་མ་ཟད། ཅུང་སྟབས་བདེའི་ངང་རྣ་བ་འཐེན་པའི་མཛད་སྒོ་དེ་མཇུག་འགྲིལ་འགྲོ་ལ། བར་བ་ལ་ཁ་ལྕེ་མེད་ལ་ཉམས་མྱོང་ཡང་མེད་པ་དང་། མ་སྲུ་ཁ་ལྕེ་ཅན་མང་ན་མཛད་སྒོ་དེ་འཁྲུག་ཆ་དོད་པོ་ཞིག་དང་དགོད་བྲོ་བ་ཞིག་ཡིན།

མཛད་སྒོ་འདི་ནི་དོན་དངོས་སུ་གཞོན་ནུ་ཚོས་རང་གི་ཁ་ཡ་ན་ཟླ་ཇེ་ཉུང་དུ་སོང་བར་འཁང་རའི་ཚུལ་གྱིས་བར་བ་ལ་ཆད་པ་གཅོད་པའམ། ཡང་ན་མག་པ་དང་བར་བ་གཉིས་ཀྱི་མདུན་ནས་མོ་གསར་སྡེ་བའི་མ་སྲུ་རྣམས་ཀྱི་གཟི་རྔམ་ངོམ་པ། མཐར་ཐུག་ན་མཚང་འབྲུ་དང་ཀུ་རེ་ཡི་ཚུལ་གྱིས་ཕན་ཚུན་འབྲེལ་འདྲིས་དང་ངོ་ཤེས་བྱེད་པའི་ཆོ་ག་ཞིག་རེད། ཡིན་ནའང་ཆོ་ག་དེའི་ཁྲོད་དུ་དངོས་སུ་རྣ་བར་འཇུས་ནས་ཤེད་ཀྱིས་འཐེན་སྲོལ་མེད། ཐེངས་གསུམ་བཞི་ཙམ་ལ་རེ་རེ་བཞིན་ཚིག་ཤགས་བརྒྱབ་ནས་ནང་དུ་རྒྱུག་པ་ན་མཇུག་མཐར་རྒན་རྒོན་དང་ནང་འཁོར་ཚོས་བར་བ་དང་གཞོན་ནུ་མ་ཚོའི་བར་ཕྱེ་ནས་རྣ་རིན་སྒོར་མོ་སྟེར་བ་སོགས་ཀྱིས་རྫོགས་པར་བྱེད།

༣. བག་སྐྱེལ་ཆོ་ག།

ནངས་མོ་སྐྱ་རེངས་མ་ཤར་གོང་དུ་བག་གསར་སྐྱེལ་གྲབས་བྱེད་ལ། སྡེ་བའི་ཕྱི་ནང་ཐག་རིང་ཐུང་གང་ཞིག་ལ་སྐྱེལ་ནའང་སྐྱ་རེངས་མ་ཤར་གོང་དུ་བསྐྱལ་དགོས། འདི་ནི་རྟེན་འབྲེལ་བཟང་པོ་ཡོང་ཆེད་དེ། བག་གསར་རང་ཁྱིམ་ནས་སྒོར་བུད་དེ་གཉེན་ཚང་གི་ཁྱིམ་ལ་མ་ཐོན་པའི་ལམ་ཁར་ཇོ་སྟོང་དང་སྣོད་སྟོང་འཁྱེར་མཁན་དང་འཕྲད་ན། བཀྲ་མི་ཤིས་པར་མཐོང་བས་ཕལ་ཆེར་ཐན་ལྟས་འདི་དག་གཡོལ་ཆེད་ཀྱང་ཡིན་ནམ་སྙམ། གཞན་ཡང་ནངས་མོ་དེར་ཨ་ཞང་ཚང་གིས་ཆོས་པ་གདན་དྲངས་ཏེ་གཡང་འབོད་བྱེད་ཅིང་། དེ་ནི་བཤད་ཚུལ་དུ་བུ་མོ་གནས་ལ་འགྲོ་ཉིན་གཡང་འབོད་མ་བྱས་ན་ཕ་ཁྱིམ་གྱི་གཡང་ཐམས་ཅད་བུ་མོའི་རྫོངས་པ་དང་འགྲོགས་ནས་གཉེན་ཚང་ལ་ཁྱེར་འགྲོ་ཞེས་བཤད་སྲོལ་ཡོད་ལ། ད་དུང་བག་མས་བག་ངུ་བྱེད་སྐབས་དཀྱིལ་ཀར་བསྟོད་པ་སྟེ། བཟའ་ཟླ་བུ་ཕྲུག་འཇོམས་པའི་མ་སྲུ་སྐད་ངག་ཅན་གཉིས་ཀྱིས་བག་མའི་གཡས་གཡོན་གཉིས་སུ་གྲོ་སོ་ཕྱེ་མར་དང་ཇ་ཕུད་བཀྱགས་ཏེ་ནང་ཁྱིམ་གྱི་དཀྱིལ་ཀར་བསྐོར་བ་ཐེངས་གསུམ་རྒྱག་ཞོར་དུ། ཨེ། དཀྱིལ་ཀ་ལྷ་མོ། ཨེ། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡེ། ཨེ། དར་ནི་ཡིན་མོ། ཡིས་ཡིས(ངུ་ཁུལ་བྱེད་པ)ཨེ། ཕུགས་ལྷ་ཀེ་ཐུང་། ཨེ། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡིས་ཡིས། ཨེ། ཐབ་ལྷ་གཡང་མོ། ཨེ། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡིས་ཡིས། ཨེ། སྒོ་ལྷ་སྟག་གཡག།ཨེ། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡིས་ཡིས་ཞེས་དབྱངས་ལ་གྱེར་ནས་ལེན་ཞིང་། བག་གསར་གྱིས་རྒྱན་གོས་གསོལ་ནས་བག་ངུ་བྱེད་ལ། སྒོར་འབུད་སྐབས་བག་གསར་གྱི་ཨ་མས་སྐད་ཅུང་མཐོན་པོས་བུ་མོའི་གཅེས་མིང་ནས་ལན་གསུམ་འབོད། འབོད་ཐེངས་རེ་རེའི་མཇུག་ཏུ་སྐྱིད་ཡོད་ན་གནས་ལ་འཁྱེར། གཡང་ཡོད་ན་ཡུལ་ནས་ཞོག་ཅེས་ཟེར། དེ་ཡང་བག་ངུ་བྱེད་པ་ཕལ་ཆེར་གོམས་སྲོལ་ཞིག་ཏུ་གྱུར་ཡོད་པས། བག་མས་བག་ངུ་མ་བྱས་ཚེ། སྡེ་བ་དང་ཚོ་བའི་མིས་འཕྱ་དམོད་དང་ལྐོག་ལབ་སྣ་ཚོགས་བྱེད་ངེས་ཏེ། ཁ་དཔེར་ཡང་། མི་དགའ་དགའ་ཁུལ་བྱེད་པ་དེ། སྟག་ཤར་ཇག་ལ་འགྲོ་བའི་ཚུལ། མི་སྡུག་སྡུག་ཁུལ་བྱེད་པ་དེ། སྨན་ཤར་གནས་ལ་འགྲོ་བའི་ཚུལ་ཞེས་པ་ལྟར་ངུ་དགོས་ཚུལ་བསྟན་པ་ལྟ་བུ་རེད།

དེ་ནས་བུ་མོའི་ཕ་གཙོ་ཞང་དང་མའི་མིང་པོ་མ་ཞང་ཡིན་ཞེས་ཤ་ཉེ་སྤུན་ཟླ་གཉིས་སམ་བཞི། དྲུག་གམ་བརྒྱད། ཡང་ན་དེ་ལས་ཀྱང་མང་བའི་ཆ་གྲངས་ཤིག་ཨ་ཞང་ལ་འགྲོ་ཞིང་། ཨ་ཞང་ལ་འགྲོ་བའི་མི་མགོའི་གྲངས་དང་ཨ་ཞང་ཚང་གི་ཐོབ་ཆའི་སྟེང་ནས་གཉེན་ཚང་ལ་མི་རྒྱུ་ཡོད་མེད་ཅུང་ཙམ་རྟོགས་ཐུབ། སྤྱིར་བཏང་ཐོབ་སྐལ་ནི་ཨ་ཞང་གཙོ་ཕལ་ལྟར་ཡིན། དེ་ཡང་མོ་གསར་འགྲོ་སའི་གཉེན་ཚང་ལམ་ཐག་ཇི་ཙམ་ཉེ་ནའང་སྒོར་བུད་ནས་ཐད་ཀར་སྐྱེལ་སྲོལ་མེད་པར་གྲོང་སྡེ་ནང་གི་ལྷ་ཁང་ངམ་མ་ཎི་ཁང་དང་ལབ་ཙེར་ཕྱག་གསུམ་རེ་འཚལ་ནས་འགྲོ་དགོས། གཉེན་ཚང་གི་ཚོ་བའི་བག་བསུ་ཚོས་ཀྱང་སྔོན་ནས་གཏན་འཁེལ་བྱས་ཡོད་པའི་ས་གནས་དེར་ལམ་ཤ་དང་ལམ་ཆང་བཟུང་ནས་བག་མ་བསུ་བར་ཡོང་ཞིང་། ཨ་ཞང་ཚང་གི་སྐྱེལ་མ་བྱེད་མཁན་བུད་མེད་དང་གཞོན་ནུ་མ་ཚོས་སྔོན་བསུ་པ་རྣམས་མཐོང་མ་ཐག་རང་ལ་དབང་ཤུགས་ཡོད་པའི་གོ་སྐབས་དེར་བསྟུན་ནས་གན་ཚང་ལ་དེ་རིང་ནམ་མ་ལངས་

གཟིགས་ཀ(སམ) ཞེས་སྐད་མཐོན་པོས་ཕ་རོལ་པོར་གཟི་རྔམ་སྟོན་པར་བསུ་མ་བྱེད་མཁན་ཚོས་ཚིག་ལན་འདེབས་པའི་སྲོལ་མེད་པར་གུས་གུས་ཞུམ་ཞུམ་ངང་ཞུ་བ་བྱེད་ཞོར་དུ་ལོ་རེས་བབ་སྐལ་མཐུན་པའི་བུ་མོ་གཞོན་ནུ་ཞིག་ཡོང་ནས་བག་མའི་ལག་མགོ་ལེན་པ་ཞེས་བག་མའི་ལག་པར་འཇུ་གྲབས་བྱེད་སྐབས། སྐྱེལ་མ་བྱེད་མཁན་ཚོས་ཧབ་ཆ་སིང་སིང་ཞིག་བརྒྱབ་སྟེ་བག་མ་གཉེན་ཚང་གི་སྒོ་ཁར་བསྐྱལ་རྒྱུ་ཞེས་སྔོན་ཕྱོགས་སུ་འགྲོ་གྲབས་བྱེད།སྐབས་དེར་གཉེན་བསུ་ཚོ་འཚུབ་ཆ་ལངས་ནས་ལམ་ཤ་དང་། ལམ་ཆང་ཡུལ་ཞོར་དུ་ཞུ་བ་བྱེད། ཨ་ཞང་གཙོ་གཞོན་རྣམས་ཀྱིས་ཀྱང་བག་གསར་གྱི་ཁ་ཡ་ན་ཟླ་དང་སྐྱེལ་མ་བྱེད་མཁན་ཚོར་ཞུ་བ་བྱས་ཏེ་ལག་མགོ་སྟེར་དུ་འཇུག། བག་གསར་གྱི་ལག་མགོ་སྟེར་སྐབས་ཕྱོགས་གཉིས་ཀྱིས་གླུ་ལེན་གར་རྩེད་བྱེད་པ་སྟེ། གཉེན་ཚང་གི་ཨ་ཞང་དང་བག་མ་ལ་བསྟོད་གླུ་ལེན་པ་དང་། ཨ་ཞང་ཚང་གི་བུ་མོ་སྐད་ངག་འཛོམས་པ་འགས་ཀྱང་ཡོང་བའི་བུ་མོ་ལོ་ཆུང་ཡིན། ལག་ལས་ཀའི་ཕྱོགས་ནས་ཉམས་རེ་ཞོག་ལྟ་བུའི་ཚིག་གླུ་ལ་དྲངས་ནས་བག་གསར་བཅོལ་གདམས་བྱེད། དེ་ལྟར་རོལ་རྩེད་ཀྱི་རིམ་པ་མང་དུ་སྤེལ་ཏེ་བག་གསར་གྱི་ལག་མགོ་བྱིན་ནས་ལམ་ཤ་དང་ལམ་ཆང་ཚུར་བླངས་རྗེས། སྐྱེ་མཁན་གཞོན་ནུ་མ་ཚོས་ཀུ་རེའི་ཚུལ་གྱིས་དབྱུག་པ་ཆུང་ཆུང་ཞིག་གིས་ལམ་ཤའི་སྟེང་རྡུང་ཞོར་དུ་ཨེ་ཧེ་ཡ། ལམ་ཤ་མ་རེད་ཁྱི་ཤ་རེད། ཁྱི་ཤ་སྐམ་པོ་ཁྲོམ་སྒྲ་གྲག་ཅེས་དང་། ཡང་ན། ཨེ་ཧེ་ཡ། ལུག་འདིས་དབྱར་ཟླ་གསུམ་ལ་རྩྭ་མ་ཟོས། སྟོན་ཟླ་གསུམ་ལ་ཆུ་མ་འཐུང་བ་འདྲ་ཞེས་སྐད་མཐོན་པོས་ལམ་ཤ་ལ་ཟུར་ཟ་གང་ཤོད་བྱེད་དོ།།

དེ་ནས་སྐྱེལ་མཁན་གཞོན་ནུ་མ་ཚོས་ངལ་གསོས་ནས་ལམ་ཤ་དང་ལམ་ཆང་ཡིད་ཚིམ་པ་ཞིག་རོལ་རྗེས་ཕྱིར་རང་ཡུལ་དུ་ལོག་འགྲོ་ལ། ཨ་ཞང་དང་བག་གསར་གཉེན་བསུ་བ་ཚོ་གཉེན་ཚང་གི་སྟག་ཤར་རྣམས་ཀྱིས་དྲི་སྐོམ་རེ་རེ་བཞིན་མཆོད་ཞོར་དུ་གཉེན་ཚང་གི་སྒོ་ཁར་ཐོན་པ་ན་ཨ་ཞང་གཅིག་གིས་གནས་དེའི་གནས་བདག་དང་ས་དེའི་ས་བདག་ཁྱིམ་དེའི་ཁྱིམ་ལྷ་དག་ལ་མཆོད་པ་བརྩིས་ཤིང་། བག་གསར་གྱི་མགོའི་ཞྭ་བླངས་ཏེ་ཕྱི་ནང་བར་གསུམ་གྱི་སྒོ་ལ་ཕྱག་གསུམ་རེ་འཚལ་རྗེས། ནང་ཁྱིམ་གྱི་དཀྱིལ་ཀའི་མདུན་དུ་བལ་གདན་ཉིས་ལྟེབ་ཏུ་འདིང་ཡོད་པར་སྡོད་དུ་འཇུག་ལ། མ་སྲུ་བཟའ་ཟླ་དང་བུ་ཕྲུག་འཛོམས་པ་ཞིག་གིས་བལ་དར་འཐེན་པའི་དཀར་ཡོལ་འབྲུག་མ་ཞིག་གི་ནང་དུ་འབྲི་མར་སེར་པོས་ཁ་བརྒྱན་པའི་འོ་ཇ་བག་གསར་གྱི་ལག་ཏུ་འཇོག་པར་བག་གསར་གྱིས་མཆོད་ཁ་ལན་གསུམ་ཕུལ་བ་ལས་འཐུང་སྲོལ་མེད། ཅུང་ཙམ་འགོར་བ་ན་བག་མ་བག་ཁང་དུ་ཁྲིད་འགྲོ། ཨ་ཞང་རྣམས་དང་གཉེན་ཚང་དག་གིས་མ་ཁང་ནས་གཏམ་ཀུ་རེ་དང་། གླུ་སྲིད་པ། བཤད་པ་རིང་མོ་བཅས་བཤད་རེས་ཀྱིས་ཕྱི་དྲོ་བར་དུ་རྩེ་ལ་ཨ་ཞང་རྣམས་ཞག་སྡོད་བྱེད་མིན་གང་རུང་ཡོད་དོ།།

༼ གཅན་ཚ་བཀྲ་བྷོས་བརྩམས།༽

 

  • ལེ་ཚན་སྔོན་མ།:ལི་ཐང་གི་རོང་པའི་སྟོན་བཤད་དྲི་ཟའི་འཇོ་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།