གཙང་ཁུལ་གྱི་གནའ་བོའི་ལུགས་བཟང་གཉེན་བཤད་རྣ་བའི་བདུད་རྩི།

བུ་ཆུང་གིས་འཚོལ་སྡུད་བྱས།    དཔལ་ཡུལ་དམངས་ཁྲོད་རིག་གནས་འཚོལ་བསྡུ་མཐུན་ཚོགས།    2017-05-05

དེའང་བོད་གངས་ཅན་གྱི་གནའ་བོའི་ལུགས་བཟང་གཉེན་སྒྲིག་དགའ་སྟོན་བྱ་ཚུལ་ཤིན་ཏུ་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་གནས་སུ་འདུག་ཀྱང་འདིར་རྣ་བའི་བདུད་རྩི་རུ་གྱུར་པའི་གཉེན་བཤད་ཚན་པ་ཁག་གཅིག་བྲིས་པ་ལ་རྒྱ་ཆེའི་ཀློག་པ་པོའི་ཐུགས་འདུན་བསྐོང་བར་ཤོག

༡. གཙུག་གཡུའི་བཤད་པ། ཨོྃ་བདེ་ལེགས་སུ་གྱུར་ཅིག རིག་སྟོབས་དཔའ་འབྱོར་མངའ་ཐང་ལང་ཚོ་སོགས།།གཡང་གི་རྩི་ཞགས་ཀུན་ཆགས་གྲུ་དཀར་གཡུ།།དེ་རིང་མཛེས་མའི་རྒྱན་དུ་ཕུལ་བ་ལ།།ནོར་བདག་པོར་ཐོབ་པའི་རྟེན་འབྲེལ་ཡོད།།གཉེན་བུ་རྒྱུད་སྐྱོང་བའི་རྟེན་འབྲེལ་ཡོད།།ངེད་བསམ་དོན་གྲུབ་པའི་རྟེན་འབྲེལ་ཡོད།། བཀྲིས་དགེ་མཚན་གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་བུའི་ཕ་མས་མནའ་མའི་ཁྱིམ་དུ་སློང་ཆང་འབུལ་བ་དང་བུ་མོའི་མགོ་བོར་གཡུ་ཆུང་བཏགས་སྐབས་སྙན་པའི་ངག་ལ་ལེན་ནས་བཤད་པ་དེ་ལྟར་འཕུལ་ལོ།།

༢.སྒོ་མོའི་བཤད་པ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག  སྨྲ་བ་ངག་གི་དབང་ཕྱུག་འཇམ་པའི་དབྱངས།། དབྱངས་ཅན་ལྷ་མོའི་གཙུག་ལག་བདེ་ཞིང་འཕེལ།། དཔལ་ལྡན་ཚངས་པ་སྡེ་བཞིས་བང་མཛོད་འཛིན།།གནམ་སྔོན་པོ་གཡུ་བཅལ་བཀྲམ་པའི་འོག། བར་གཡང་ཆགས་བཀྲ་ཤིས་རྟགས་བརྒྱད་དབུས།།ས་གཡང་ཆགས་པདྨ་འདབ་བརྒྱད་སྟེང་།། བཀྲ་ཤིས་པ་རྣམ་གསུམ་འཛོམས་ནས་ཡོད།། གནམ་སྔོན་པོར་བཀྲིས་ཉི་ཟླ་འཛོམས།། བར་ཡངས་པོར་གཟའ་སྐར་འཕྲོད་སྦྱོར་འཛོམས།། གནས་འདི་རུ་དགའ་ཉེ་བློ་དཀར་འཛོམས།། འདི་འཛོམས་གསུམ་འཛོམས་པའི་རྟེན་འབྲེལ་ལ།། ང་ཞང་ཆེན་མི་སླེབས་ཅི་ལ་སྲིད།། ང་ཞང་ཆེན་ཞལ་ནས་གསུང་ཅིག་གྲགས།། གསུང་སྙན་མོ་ཚངས་པའི་རྒྱུད་མང་འདྲ།། མཁར་མི་འགྱུར་རྣམ་རྒྱལ་ཁང་བཟང་ལ།། སྒོ་མི་འགྱུར་ཕུན་ཚོགས་གཞུང་སྒོ་ཡོད།། སྒོ་འདི་ལ་བཤད་པ་རྒྱོབ་ཟེར་ན།། བཀྲ་ཤིས་སྒོ་མོ་ཤར་ལ་བཏད།། ཤར་རྡོ་རྗེ་སེམས་པའི་བྱོན་ལམ་ཡིན།། སྒོའི་ཕྱི་ནས་བལྟས་ན་ལྷ་ཁང་འདྲ།། སྒོའི་ནང་ནས་བལྟས་ན་ཀླུ་ཁང་འདྲ།། སྒོའི་སྟེང་དེ་ཚངས་པའི་ཕོ་བྲང་འདྲ།། ཆོས་དམ་ཆོས་གསུང་དུས་བཞུགས་ས་ཡིན།། སྒོའི་ཐོད་དེ་དཔག་བསམ་ཤིང་ལས་གྲུབ།། ཡིད་སེམས་པའི་ལོངས་སྤྱོད་འཛོམས་པའི་རྟགས།། སྒོའི་སྨད་དེ་ཙན་དན་ཤིང་ལས་གྲུབ།། ཁྱིམ་རྒྱུད་པ་ཙན་དན་སྡོང་བོ་ལ།། ཤིང་སྦྱར་པའི་འདྲེས་ལྷད་མེད་པའི་རྟགས།། སྡེམ་གཉིས་པོ་ལྷ་ཤིང་ཤུག་པར་བཅོལ།། ལྷ་དཀར་ཕྱོགས་དགྱེས་པའི་རྟེན་འབྲེལ་ཡོད།། ཨ་ཤིང་དེ་བྱང་ཆུབ་ལྗོན་ཤིང་ལ།།ཡི་དམ་གྱི་ལྷ་ཚོགས་འཁོར་ནས་ཡོད།། ཨ་ཐག་དེ་སྟོང་སྐུད་གསུམ་སྒྲིལ་ལ།།  དར་ཚོན་སྣ་ལྔ་ཡི་མདུད་པ་ཡོད།། སྒོ་ལྕགས་དེ་སྔོན་པོ་གཡུ་ལ་བཅོལ།། གཡུ་ལ་དོ་ལོའི་འདྲེས་ལྷད་མེད།། ལྡེ་མིག་དེ་སེར་པོ་གསེར་ལ་བཅོལ།། གསེར་ལ་རག་གི་འདྲེས་ལྷད་མེད།། སྒོ་འདི་ལ་རིན་ཆེན་ཀུན་འཛོམས་པས།། གྲོགས་དགའ་ཉེ་ཀུན་ལ་བསུ་བ་དང་།། སྡང་དགྲ་བོ་ཐམས་ཅད་ཐར་ས་མེད།། སྒོ་འདི་ལ་ཐེམ་སྒོ་རྣམ་གསུམ་ཡོད།། སྒོ་སྟེང་བར་སྒོ་འོག་སྒོ་གསུམ།། བཀྲ་ཤིས་པའི་ཐེམ་སྒོ་གསུམ་ལས་གྲུབ།སྒོ་སྟེང་སྒོ་ལྷ་དང་བླ་མའི་སྒོ།། ལྷ་དང་བླ་མའི་སྒོ་དེ་ཆོས་ཀྱིས་ཕྱེས།། ཆོས་བསྟན་པ་དར་བའི་རྟེན་འབྲེལ་ཡོད།། སྒོ་བར་སྒོ་འདྲེན་པ་དཔོན་པོའི་སྒོ།། གོང་དཔོན་པོའི་སྒོ་དེ་ཁྲིམས་ཀྱིས་ཕྱེས། ཡུལ་ཁྲིམས་ཀྱིས་སྐྱོང་བའི་རྟེན་འབྲེལ་ཡོད།། སྒོ་འོག་སྒོ་ཞང་ཆེན་ང་ཡི་སྒོ།། ཞང་ཆེན་སྒོ་དེ་དར་གྱི་ཕྱེས།། དར་འཛོམས་པ་ཚོས་སྣ་ལྔ་ལྡན་འདིར།། མཁའ་འགྲོ་སྡེ་ལྔའི་སྐུ་མདོག་ཚང་ནས་ཡོད།།   འབྱུང་བ་ལྔ་ཡི་ཁྱད་ཆོས་ཚང་ནས་ཡོད།། དར་འདི་ཡི་སྣེ་ལ་དར་དཀར་ཡོད།།  དར་དཀར་པོ་ཉི་མོ་བདེ་ལེགས་ཡོད།། དར་དཀར་པོ་ཉི་མོ་བདེ་ལེགས་འདི།། ལུག་གཡང་དཀར་བརྒྱ་ཡི་བལ་ལས་གྲུབ།། ལུག་གཡང་དཀར་མ་མོའི་ཁྱུ་ཚོགས་ཀྱིས།།  དུས་བཞི་ཡི་རྩི་བཅུད་རབ་ངོམ་པས།། བལ་བཟང་བོ་འབྲེག་པའི་དུས་ལ་བབས།། བལ་འབྲེག་དུས་ལྷ་ཆེན་བརྒྱ་ཡིས་བྲེགས།། བལ་འཁེལ་དུས་ལྷ་མོ་བརྒྱ་ཡིས་འཁེལ།། བལ་འཐག་དུས་ཀླུ་མོ་བརྒྱ་ཡིས་བཏགས།།གཉན་ལྷ་ཀླུ་འཛོམས་པའི་དར་དཀར་ཡིན།། དར་འདི་ལ་ལྷ་དགུ་འཁྲུངས་ནས་ཡོད།།  སྐུ་དང་པོ་ཐུབ་པ་སངས་རྒྱས་འཁྲུངས།།  སྐུ་གཉིས་པ་སྙིང་རྗེའི་ལྷ་ཚོགས་འཁྲུངས།།  སྐུ་གསུམ་པ་ཚངས་པ་དཀར་པོ་འཁྲུངས།། སྐུ་བཞི་པ་ངག་གི་དབང་ཕྱུག་འཁྲུངས།། སྐུ་ལྔ་པ་སྒྲོལ་མ་དཀར་མོ་འཁྲུངས།། སྐུ་དྲུག་པ་རིག་པའི་ལྷ་མོ་འཁྲུངས།།  སྐུ་བདུན་པ་ཕྱག་ན་རྡོ་རྗེ་འཁྲུངས།། སྐུ་བརྒྱད་པ་རྟ་མགྲིན་དམར་པོ་འཁྲུངས།། སྐུ་དགུ་པ་གླིང་རྗེ་གེ་སར་འཁྲུངས།། འདི་ལྷ་དགུ་འཛོམས་པའི་ལྷ་དར་ཡིན།། ངའི་ལྷ་དར་ཉི་མ་བདེ་ལེགས་འདི།།  བོད་གངས་ཅན་ལྗོངས་སུ་འཁྱེར་སོང་ན།། ལྷ་བླ་མ་མཇལ་བའི་མཇལ་དར་ཡིན།། སྨད་རྒྱ་ནག་ཡུལ་དུ་འཁྱེར་སོང་ན།། གོང་དཔོན་པོ་མཇལ་བའི་མཇལ་དར་ཡིན།། དུས་དེ་རིང་བཀྲ་ཤིས་དགའ་སྟོན་ལ།།  དར་འདི་གོ་ཡར་ལ་ཕྱར་ཟེར་ན།།  སྒོ་འདི་ལ་མི་ཕྱེ་རང་དབང་མེད།།  ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ།།   ཞེས་སྙན་པའི་དབྱངས་སུ་བཀུག་ནས་ཕུལ་བའི་བཤད་པ་འདི་མནའ་མའི་ཁྱིམ་གྱི་སྒོར་ཞང་ཆེན་གྱིས་ལུས་ལ་ཚ་རུ་ཕྱུ་པ།། མགོ་ལ་ཝ་ཞྭ་དང་།།  ཞབས་ལ་ཀོ་ལྷམ་གྱིས་བརྒྱན་པ།། མགུལ་ལ་གཡུ་བྱུར་གྱི་ཕྲེང་བས་རབ་ཏུ་བཅིངས།། ལག་ཏུ་མཇལ་དར་ཐོགས་ནས་འགྱིང་ཉམས་ངང་ཕུལ་བའི་སྒོ་ཡི་བཤད་པ་དང་མནའ་མའི་ཡབ་ཆེན་གྱིས་བུའི་སྒོར་ཕུལ་བའི་བཤད་པའོ།།

༣. གྲོ་སོ་ཕྱེ་མར་ལ་ཕུལ་བའི་བཤད་པ།། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག  ནོར་བུ་དགའ་འཁྱིལ་འཁྲུངས་པའི་རྒྱ་ཅོག་སྟེང་།།  འབོ་ལ་བཟང་བོ་གསེར་གྱི་ཁྲ་རྒྱན་བཞུགས།། འབོ་འདི་བསྐྲུན་པའི་བསྐྲུན་རབ་བརྗོད་དགོས་ན།།བཟོ་བོ་མཁས་པ་བི་ཤྭ་ཀ་རྨས་བསྐྲུན།། འབོ་འདི་ལ་ཕྱི་ནང་ཟུར་གུག་བཞི།། ཕྱི་ལ་ཟུར་བཞིས་རྒྱན་པ་འདི།། ཕྱི་དགྲ་བོའི་ཕྱོགས་ལ་ཟུར་པ་ཡིན།།  ནང་གུག་བཞིས་བརྒྱན་པ་འདི།། ནང་ཕྱི་གཡང་འགུག་པའི་གུག་བཞི་ཡིན།།  འདིའི་ནང་དུ་ཡོད་པའི་གྲོ་བཟང་འདི།། ལྷ་འཛམ་ལྷའི་མཛོད་ལས་བླངས་པ་ཡིན།།དེའི་སྟེང་དུ་ཡོད་པའི་བྱང་ཚྭ་འདི།། བྱ་བ་ཚགས་སུ་ཚུད་པའི་ཚྭ།།  ཟས་ཀྱི་བྲོ་བཅུད་འཕེལ་བའི་ཚྭ།། གཡས་སུ་ཕྱེ་མར་གངས་རི་སྤུངས་པ་འདི།། གནས་ཁང་མགོ་འཕང་གངས་ལས་མཐོ་བའི་རྟགས།། དེའི་སྟེང་དུ་བཙུགས་པའི་མདའ་དར་འདི།། ལྷོ་རོང་སྨྱུག་མའི་མདའ་དང་གཅིག། རིན་ཆེན་ལྕགས་ཀྱི་མདེའུ་དང་གཉིས།། ཐང་དཀར་རྒོད་པོའི་སྒྲོ་དང་གསུམ།། ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ།།ཞེས་པ་འདི་རྒྱ་ཅོག་རྐང་བཞིའི་སྟེང་དུ་བཙུགས་པའི་གྲོ་སོ་ཕྱེ་མར་ལ་དར་བསྒྲོན་པའི་དུས་སུ་སྙན་པའི་དབྱངས་སུ་ལེན་པའོ།།

༤. སྐུ་གསུང་ཐུགས་རྟེན་ལ་དར་བསྒྲོན་པ།། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག དགུང་ཨ་སྔོན་མཐོན་པོར་སྐར་མ་བཟང་།།  བར་གཟའ་སྐར་འཕྲོད་སྦྱོར་བཟང་།། དམའ་ས་གཞི་ཡངས་པོར་ཉི་མ་དྲོ།། དེ་འཛོམས་གསུམ་འཛོམས་པའི་རྟེན་འབྲེལ་ལ།།  སྐྱབས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ།།  སྐྱབས་དང་པོ་སངས་རྒྱས་དཀོན་མཆོག་མཆོད།། སྐྱབས་གཉིས་པ་དམ་ཆོས་དཀོན་མཆོག་མཆོད།། སྐྱབས་གསུམ་པ་དགེ་འདུན་དཀོན་མཆོག་མཆོད།། ངའི་ལག་ཏུ་འཁྱེར་བའི་མཇལ་དར་འདི།། དཀོན་མཆོག་རྣམ་གསུམ་དགྱེས་པའི་ལྷ་དར་ཡིན།།  ཞེས་དབྱངས་རྟ་དང་འགྲོགས་ནས་མཇལ་དར་ མཆོག་གསུམ་སྐུ་ལ་བསྒྲོན་ནོ།།

༥. སྐས་ཀ་ལ་དར་ཕུལ་བ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག ཞང་ཆེན་ང་ཡིས་སྒྲོམ་སྐས་མ་འཛེགས་གོང་།། སྒྲོམ་སྐད་འདི་ལ་བཤད་པ་ཕྲན་ཙམ་ཞུ།། སྒྲོམ་སྐས་གཡས་འདི་ཙན་དན་སྡོང་བོས་གྲུབ།། སྒྲོམ་སྐད་གཡོན་འདི་ལྷ་ཤིང་ཤུག་པས་གྲུབ།། སྒྲོམ་སྐས་འདི་ལ་གཡུ་བྱུར་མུ་ཏིག་སོགས།། རིན་ཐང་ཅན་གྱི་ནོར་བུས་བརྒྱན་ནས་ཡོད།། ཚོགས་དང་བསོད་ནམས་དབང་ཐང་མ་རྫོགས་ན།། རིན་ཆེན་ནོར་གྱིས་བརྒྱན་པའི་སྐས་འཛེགས་འདི།། འཛེགས་པའི་སྐལ་བ་ཐོབ་པ་དཀའ་མོ་ཡིན།། རིན་ཆེན་སྐས་འཛེགས་འཛེགས་ནས་བསྐྱོད་ཟེར་ན།། སྟེང་ཕྱོགས་ལྷ་ཡི་ཞིང་དུ་འབྱོར་རྒྱུ་ཡིན།། ལྷ་ཆེན་ཚངས་པ་དཀར་པོ་མཇལ་རྒྱུ་ཡིན།། ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ།།   ཞེས་པ་སྙན་པོའི་གདངས་ལ་བཀུག་ནས་དཀར་གཙང་མཇལ་དར་སྐས་སྐ་ལ་ཕུལ་ནས་སྟེང་དུ་བསྐྱོད་པར་བྱའོ།།

༦. དར་ལྕོག་ལ་དར་ཕུལ་བ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག བཀྲ་ཤིས་མི་འགྱུར་བཀྲ་ཤིས་ཤོག། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ངའི་ལག་ཏུ་བཟུང་བའི་དར་ལྕོག་འདི།། གཏམ་ལོ་རྒྱུས་སྙན་མོ་བརྗོད་དགོས་ན།། དར་འདི་ནི་དང་ཐོག་གླིང་ནས་བྱུང་།། གླིང་གེ་སར་དམག་ལ་ཕེབས་པའི་དུས།། དཔལ་བློ་སྟོབས་ངོམས་ནས་དགྲ་མགོ་བཏུལ།། སྡང་དགྲ་མགོ་བཏུལ་བའི་དཔའ་དར་ལ།། གཉེན་དཔའ་བོའི་ཐོག་ཁར་དར་འདི་བཙུགས།། དུས་འདི་ནས་དར་འདི་དར་ལེ་ཡིན།། དེང་གངས་ཅན་བོད་ཀྱི་ཞིང་ས་འདིར།། ཆོས་བསྟན་པ་དར་བའི་དར་ལྕོག་ཡིན་།། དར་འདི་ཀོ་དགུང་ལ་འཕྱར་ཟེར་ན།། བདུད་ནག་པོ་འཇོམས་པའི་ཁ་སྣོན་དང་།། ཆོས་བསྟན་པ་དར་བའི་རྟེན་འབྲེལ་ཡོད།། དར་འདི་ལ་ཡལ་ག་ལྔ་ལྡན་འཁྲུངས།། འདི་ཡལ་ག་ལྔ་ལྡན་རེ་རེའི་སྟེང་།། དར་ཚོས་སྣ་མི་གཅིག་རེ་རེ་འཁྲུངས།། དེས་མཁའ་འགྲོ་སྡེ་ལྔའི་སྐུ་མདོག་མཚོན།། དར་འདི་མེ་ལོང་སེར་པོས་བསྒྲུབས།། བོད་གངས་ཅན་བསྟན་པའི་འབྱུང་གནས་མཚོན།། དར་མཐའ་བཞི་དམར་པོས་བརྒྱན་པ་འདི།། དགུང་ཉི་མས་གླིང་བཞི་བསྐོར་བ་བཞིན།། ཆོས་བསྟན་པས་འཛམ་གླིང་ཁྱབ་པའི་རྟགས།། དར་འདི་ཀོ་ཡར་ལ་ཚུགས་ཟེར་ན།། ཚོགས་བསོད་ནམས་རླུང་རྟ་ཀུན་ནས་དར།། ཡིད་བསམ་དོན་ཇི་བཞིན་འགྲུབ་པར་གྱུར།། ཀྭི་ཀྭི་བསོ་བསོ་ལྷ་གསོལ་ལོ།། 

ཞེས་པ་འདི་ཞང་ཆེན་གྱིས་མནའ་མའི་ཁྱིམ་གྱི་ལྷ་ལས་དགོང་དཀྲོལ་ཞུ་ཆེད་ཆོས་དཔེ་ཆ་འདོན་པ་དང་ལྷ་ཤིང་བཙུགས་ནས་བུ་མོ་རང་ཁྱིམ་དུ་བསུ་བར་ཡུལ་ལྷ་གཞི་བདག་གིས་དགོངས་དཀྲོལ(མཆོག་མཆན)ཐོབ་པར་མཚོན་པ་ཡིན།། 

༧. མདའ་དར་གྱི་བཤད་པ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག ངའི་ལག་ཏུ་འཁྱེར་བའི་མདའ་དར་འདི།། འཁྲུངས་ལོ་རྒྱུས་ཅུང་ཞིག་བརྗོད་དགོས་ན།། མདའ་འདི་ནི་འཁྲུངས་པ་ལ་ནི་ཙ་རིའི་རོང་ནས་འཁྲུངས།། བཅད་པ་ལ་ནི་སྤུ་གྲི་ངར་མས་བཅད།། བསྐྲུན་པ་ལ་ནི་བི་ཤྭ་ཀ་རྨས་བསྐྲུན།། མདའ་ལ་མདའ་སྒྲོ་བསྒྲོན་པ་དེ།། ཐང་དཀར་བརྒྱ་ཡི་དཀྱིལ་ནས་བདམས་པ་ཡིན།། ཐང་སྨུག་བརྒྱ་ཡི་དཀྱིལ་ནས་སྒྲིག་པ་ཡིན།། མདའ་ལ་རྩེ་ལྔ་བསྒྲོན་པ་དེ།། རྒྱལ་བ་རིགས་ལྔ་ཚང་ནས་ཡོད།། མདའ་སྟོང་མར་གྱིས་བཀང་བ་དེ།། འབྱུང་བཞི་དབང་དུ་བསྡུས་པའི་རྟགས།། མདའ་ལ་གཡུ་བྱུར་བསྒྲོན་པ་དེ།། མཛེས་མ་དམན་གྱི་ཆ་ལུགས་ཡིན།། མདའ་ལ་མེ་ལོང་བསྒྲོན་པ་དེ། སྤར་ཁ་བརྒྱད་དང་སྨེ་བ་དགུ།། ལོ་འཁོར་བཅུ་གཉིས་ཚང་ནས་ཡོད།། མདའ་ལ་དར་ཚོན་བསྒྲོན་པ་དེ།། མཁའ་འགྲོ་སྡེ་ལྔའི་སྐུ་མདོག་ཚང་ནས་ཡོད།། མདའ་རྟིང་ལྕགས་ལ་བཅོལ་བ་འདི།། མགར་བ་བརྒྱ་ཡིས་ཐོ་བ་རེ་གཞུས།། མདའ་མོ་རྣོ་ངར་ཆེ་བ་དེ་ནས་བྱུང་།། ལྷ་ཡི་སྲས་མོ་འདྲ་བའི་བུ་མོ་ཡིས།། སྤྱི་བོའི་སྟེང་དུ་དེ་རིང་བཙུགས་པ་ཡིན།། ཞེས་པ་འདི་ནི་ལྷ་ཡི་སྲས་མོ་མི་ཡུལ་དུ་འཁྲུངས་པའི་ཚུལ་ལྟ་བུའི་མཚར་སྡུག་ཡོངས་སུ་རྫོགས་པའི་མཛེས་ལྡན་བུ་མོ་དེ་གཞན་ཡུལ་འགྲིམ་པར་ཕ་མ་གཉིས་དང་ཁ་བྲལ་མ་ཕོད་པའམ་གཏན་གྲོགས་ཞལ་མཇལ་ཐུབ་པར་དགའ་བས་མྱོས་སམ་ཡང་ན་མི་ཚོགས་མང་པོས་རང་ཉིད་ལ་ཅེར་འདུག་པ་ལ་ངོ་ཚ་འམ་ཅི་གང་ཡིན་མི་ཤེས་མོད་བུ་མོའི་ཞལ་རས་ལས་ཅུང་དམར་བའི་མདངས་ཤིག་མངོན་བཞིན་ཞལ་རས་ཅུང་ཐུར་དུ་གུག་ནས་བཞུགས་བཞིན་ཞང་ཆེན་གྱིས་སྒམ་བརླིང་ངང་མདའ་བཤད་དེ་ཚངས་པའི་ངག་ལ་བཀུར་ནས་མི་ཚོགས་ཁྲོད་དུ་མདའ་དར་བུ་མོའི་སྤྱི་བོར་བརྒྱན་ནས་བུ་གཞན་ཡུལ་ཕྱོགས་སུ་ཕེབས་སོ།།

༨. བུ་མོའི་བཞོན་རྟའི་བཤད་པ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག  རྟ་འདི་རྟ་ངོ་མ་ཤེས་ན། གྱི་ལིང་གི་གནམ་རྟ་དཀར་པོ་ཡིན།། ཨ་ཅེ་རྒྱ་བཟའི་ཆིབས་རྟ་ཡིན། སྟེང་ལྷ་ནས་གནང་བའི་ལྷ་རྟ་ངང་པ་འདི་ལ་ལ་འགྲོ་བའི་ལ་རྟ་འདི་ལ་ཞུ།། འོག་ཀླུ་ནས་གནང་བའི་ཀླུ་རྟ་སྔོན་མོ་འདི་ཆུ་ལ་འགྲོ་བའི་ཆུ་རྟ་འདི་ལ་ཞུ།། བར་བཙན་ནས་གནང་བའི་བཙན་རྟ་རྐྱང་པོ་འདི་ཐང་ལ་འགྲོ་བའི་ཐང་རྟ་འདི་ལ་ཞུ།། སྔོན་དུས་ལྷ་རྗེ་ཀོང་ཇོས་འཆིབ།། མཁའ་འགྲོ་གཡང་ཆགས་ཀྱི་རྟ་ཞིག་ཡིན།། ད་ལྟ་རིགས་བཟང་བུ་མོས་འཆིབ།། མཁའ་འགྲོ་གཡང་ཆགས་ཀྱི་བག(གནའ་མ)རྟ་འདི་ལ་ཞུ།། ཞེས་པ་འདི་ནི་རྟ་པའི་རྟ་དཔོན་གྱིས་བུ་མོ་རྟ་ཐོག་ཏུ་བསྐྱོན་སྐབས་ཕུལ་ལོ།།

༩. ཐོ་དཀར་གྱི་བཤད་པ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག ཕུན་ཚོགས་དུ་བ་ལྗང་ཆུང་སྣ་ལྔའི་ཁྲོད།། ལེགས་ཚོགས་འདུས་པའི་ཐོ་དཀར་འཁྲུངས་ནས་བྱུང་།། ཐོ་ཐོ་དཀར་པོ་སྟེང་ཕྱོགས་ལྷ་ཡི་ཐོ།། ལྷ་ཚངས་པ་དཀར་པོའི་ཐོ་རྟེན་ཡིན།། ཕོ་ལྷ་དང་མོ་ལྷ་དགྲ་ལྷ་ཡིན།། བདེ་སྐྱིད་ཀྱི་རྩ་བ་འཛུགས་པའི་ཐོ།། དུས་དེ་རིང་ཕུན་སུམ་ཚོགས་པའི་ཉིན།། བཀྲིས་པའི་དར་དཀར་འདི་ལ་ཕུལ།།

༡༠.ཐོ་ནག་གི་བཤད་པ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག གཡོན་ནག་ནག་པོའི་འདྲེ་ཐོ་འདི།། འདྲེ་ཡན་ལག་བརྒྱད་ལྡན་གྱི་འདྲེ་ཐོ་ཡིན།། ཁྱོད་འདྲེ་ཐོ་མ་ཆགས་འདྲེ་ཐོ་ཆགས།། འདྲེ་ཐོ་ནག་པོ་བྱ་རོག་གཟུགས་ཤིག་ཆགས།། ཁྱོད་ཐོ་པོའི་མགོ་ལ་བལྟས་ན།། བདུད་ལྷ་སྦྱིན་ནག་པོའི་མགོ་བོ་འདྲ།། བདུད་ནག་པོའི་མགོ་བོ་མ་བཅད་ན།། བོད་བསྟན་པ་དར་བར་གནོད་ལེ་ཡིན།། ཁྱེད་ཐོ་བོའི་སྐེད་པར་བལྟས་ན། བདུད་ཐེའུ་རང་ནག་པོའི་སྐེད་པ་འདྲ།། ཁྱོད་ཀྱི་སྐེད་པ་ང་ཡིས་མ་བཅད་ན།། ཕོ་གེ་སར་དམག་ལ་བར་ཆད་ཡོང་།། ཁྱེད་ཐོ་བོའི་རྩ་བར་བལྟས་པ་ན།། བདུད་ཀླུ་བདུད་ནག་པོའི་རྩ་བ་འདྲ།། ཁྱོད་རྩ་བ་ང་ཡིས་མ་བཀོག་ན།། ནོར་ལོངས་སྤྱོད་འཕེལ་བར་གནོད་ལེ་ཡིན།། དུས་དེ་རིང་འདྲེ་ཐོ་ནག་པོ་ཁྱོད།། གནས་འདི་རུ་སྡོད་པའི་སྐལ་བ་མེད།། ཅེས་ཐོ་བོའི་བཤད་པ་འདི་ཉིད་མནའ་མ་ཁྱིམ་དུ་འབྱོར་སྐབས། ཁྱིམ་གྱི་སྒོའི་གཡས་སུ་ཐོ་དཀར་བཙུགས་ཡོད་པ་ལ་དར་འབུལ་བ་དང་སྒོའི་གཡོན་དུ་ཐོ་པོ་ནག་པོ་ཞིག་ཡོད་པ་དེ་རྟེན་འབྲེལ་མི་བཟང་བར་མཐོང་ནས་རྒྱང་རིང་དུ་འཕེན་པར་བྱེད་པའི་ཆོ་ག་ཞིག་གོ།

༡༡.ཡབ་ལ་དར་ཕུལ་བ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག  ཡབ་ཆེན་ཁྱོད་དང་རི་རྒྱལ་ལྷུན་པོ་འདྲ།། རི་བོ་ལྟ་བུའི་བརྟན་གཅིག་དགོས།། རྒྱ་མཚོ་ལྟ་བུའི་ཟབ་གཅིག་དགོས།། གཙང་ཆུ་ལྟ་བུའི་གཞུང་གཅིག་དགོས།། རི་རྒྱལ་འགྱུར་བ་མེད་པའི་ངང་ལ་ཞུགས།།

༡༢. ཡུམ་ལ་དར་ཕུལ་བ།  ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག  ཡུམ་ཆེན་ཁྱོད་དང་མ་ཕམ་གཡུ་མཚོ་འདྲ།། ཆུ་ལ་རྦ་རླབས་མེད་པའི་ངང་ལ་ཞུགས།། བཀྲ་ཤིས་པའི་དར་དཀར་ལེགས་སུ་ཕུལ།།

༡༣. བུ་ལ་དར་ཕུལ་བ། ཨོྃ་སོ་སྟི་བདེ་ལེགས་སུ་གྱུར་ཅིག  རིག་བཟང་གཞོན་ནུར་ལྡན་པའི་ཡ་རབས་ཅན།། དཔལ་རྩལ་སྟོབས་དང་ལྡན་པའི་གཞོན་ནུ་འདི།། དགྲ་སྒོ་འདུལ་ཞིང་གཉེན་སྒོ་སྐྱོང་མཁན་ཡིན།། དགྲ་འདུལ་གཉེན་སྐྱོང་ཞུས་ན་འདི་ལ་ཞུས།། བུ་ཡི་དཔུང་པ་གཡས་པའི་སྟེང་དགྲ་ལྷ་གནས།། ནོར་གྱི་དབུ་འཕང་གངས་ལས་མཐོ།། བུ་ཡི་དཔུང་པ་གཡོན་པའི་སྟེང་ཀླུ་རྒྱལ་གནས།། ནོར་གྱི་དངོས་གྲུབ་འབྱུང་བ་ཡིན།། དགྲ་འདུལ་གཉེན་སྐྱོངས་ཁྱེད་ལ་དར་ཞིག་འབུལ།། ཞེས་མི་དཔོན་རྣམས་ཀྱི་བློ་རིག་ཉིང་ཁུའི་བཅུད།།  རྒྱ་ཆེ་དོན་ཟབ་སྲོལ་རྒྱུན་རིག་པའི་གཏེར།། ང་ཚོ་ཕྱི་རབས་ཀུན་ལ་བཞག་པ་ལ།།  ལས་དམན་ང་ཚོའི་སྐབས་སུ་ཉམས་གྱུར་དུས།།  རང་རིགས་ངོ་ཚའི་གནས་སུ་མཐོང་ནས་ནི།།   རང་ནུས་ཡོད་རྒུས་གཟུགས་ཀྱི་རི་མོར་བཀོད།། འཇིག་རྟེན་བསྐལ་ཐར་གནས་པའི་བཀྲ་ཤིས་ཤོག ཅེས་བོད་གངས་ཅན་གྱི་གནས་དེ་ན་དེ་ལྟ་བུའི་གཉེན་བཤད་ཕུན་སུམ་ཚོགས་པ་ཞིག་འདུག་ཀྱང་། དུས་ཀྱི་དཀྱོག་མཚམས་འདིར་སླེབས་དུས་རླུང་ནག་ཁྲོད་ཀྱི་མར་མེ་དང་རི་རྩེའི་དར་ལྕོག་བཞིན་མིང་གི་ལྷག་མ་ཙམ་དུ་འགྱུར་ལ་ཉེ་བས་ཅུང་ཆ་ཚང་བའི་སྒོ་ནས་ཡིག་ཐོག་ཏུ་འགོད་འདོད་ཀྱང་ཡོངས་སུ་ཚང་བ་ཞིག་སྨྲ་ཤེས་པའི་རྒན་པོ་ནི་མ་འཕྲད། འོན་ཀྱང་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒན་པོ་དག་གི་ངག་དང་ཟུར་ལྟའི་དུས་དེབ་འགའ་མཉམ་བསྡུ་བྱས་ནས་ཚན་པ་མ་སྟོང་ཙམ་ཞིག་ཡིག་ཐོག་ཏུ་བཀོད་པ་དགེའོ།།


  • ལེ་ཚན་སྔོན་མ།:དཔལ་ཡུལ་ས་ངན་གྱི་གཉེན་སྒྲིག་ལུགས་སྲོལ།
  • ལེ་ཚན་རྗེས་མ།:ཁམས་ལི་ཐང་ཡུལ་གྱི་གཞས་མོ་འདེབས་ཚུལ།
  • དོ་སྣང་ཆེ་བའི་རྩོམ།