འབའ་ཐང་གི་གཉེན་སྟོན་སྨོན་ལམ་བསྡུས་པ།

སྐལ་བཟང་ཐུབ་བསྟན།        2016-09-29

དེ་རིང་གནམ་ལ་སྐར་མ་བཟང་།
དེ་རིང་ས་ལ་དུས་ཚོད་བཟང་།
བར་ལ་གཟའ་སྐར་འཕྲོད་སྦྱོར་བཟང་།
བཟང་གསུམ་གྱི་རྟེན་འབྲེལ་འཛོམས་པའི་དུས་བཟང་འདིར།མི་ཆུང་རིགས་བཟང་ང་ཡིས་སྟེང་ཕྱོགས་ལྷ་ཡི་གཡང་།བར་བ་གཉན་གྱི་གཡང་།འོག་ཕྱོགས་ཀླུ་ཡི་གཡང་ཐམས་ཅད་གཅིག་ཏུ་འགུགས་ནས་སྨོན་ལམ་ཚིག་གསུམ་ཞུས་ན།བཀྲ་ཤིས་བདེ་བར་གཤེགས་པ་བརྒྱད་ཀྱིས་བཀྲ་ཤིས་སྩོལ།བཀྲ་ཤིས་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བཀྲ་ཤིས་སྩོལ།བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བཀྲ་ཤིས་སྩོལ།བཀྲ་ཤིས་ཕྱོགས་སྐྱོང་བརྒྱད་ཀྱིས་བཀྲ་ཤིས་སྩོལ།དཀོན་མཆོག་གསུམ་གྱིས་བཀྲ་ཤིས་སྩོལ།
ཡང་གསལ་ཆེ་བ་ཉི་མ་ཟླ་བ་རེད།
དྲིན་ཆེ་བ་ཨ་སྔོན་དགུང་ཆེན་རེད།
ཡང་ཉ་གསེར་མིག་གཤོག་དྲུག་རྒྱས་རྒྱས་རེད།
དྲིན་ཆེ་བ་ཆུ་བོ་གཙང་ཆེན་རེད།
ཡང་ཆུ་ཆེ་བ་འབྲི་ཆུ་ཟླ་ཆུ་རེད།
དྲིན་ཆེ་བ་ལ་ཁའི་ཆུ་མིག་རེད།
ཡང་བུ་བུ་མོ་ཤར་དར་ཁྲག་དར་རེད།
དྲིན་ཆེ་བ་དྲིན་ཆེན་ཕ་མ་རེད།
དྲིན་ཕ་མ་སྐུ་ཚེ་བརྟན་རྒྱུ་ན།
ཁྱིམ་བདེ་སྐྱིད་འཛོམས་པའི་གཞི་མ་རེད།
དྲིན་འཛམ་གླིང་གསལ་བའི་ཕ་མ་གཉིས།
ཡང་སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད།
ཡང་དགུང་ཨ་སྔོན་ཁ་ཞེང་ཆེ་ཆེ་རེད།
རྒྱན་ཆེ་བ་ཉི་མ་ཟླ་བ་རེད།
ཡང་ཆེ་བ་འབྲི་ཆུ་ཟླ་ཆུ་རེད།
རྒྱན་ཆེ་བ་གཤོག་དྲུག་གསེར་ཉ་རེད།
ཡང་དཔྱིད་གསུམ་དཔལ་ཡོན་བཞད་བཞད་རེད།
སྙན་ཆེ་བ་ཁུ་བྱུག་གསུང་སྙན་རེད།
ཡང་དྲིན་ཕ་མ་ལ་ཁའི་སྐར་ཆེན་རེད།
བུ་བུ་མོ་སྐར་ཚོགས་ཚུལ་དུ་བཀྲམ།
ཡང་སྐར་མའི་འོད་མདངས་རྒྱས་པ་ན།
བུ་བུ་མོ་འཇོན་ཐང་ཡོད་པའི་རྟགས།
བུ་བུ་མོ་འཇོན་ཐང་ཡོད་པ་ན།
ཁྱིམ་འབྱོར་ཕྱུག་འཛོམས་པའི་རྟགས་མཚན་རེད།
དེའི་རྩ་བ་ཁ་འཆམ་མཐུན་གྲོགས་དགོས།
ཕ་བཟང་བུ་ཡི་རུས་པ་དགོས།
མ་བཟང་བུ་མོའི་ཡོན་ཏན་དགོས།
གཞན་ཕན་བྱང་ཆུབ་སེམས་མཆོག་དགོས།
དེ་གསུམ་ཀ་འཛོམས་པའི་སྨོན་ལམ་ཡོད།
ལུས་ལ་ན་ཚ་མེད་པའི་སྨོན་ལམ་ཤོག
སེམས་ལ་སྡུག་བསྔལ་མེད་པའི་སྨོན་ལམ་ཤོག
བདེ་སྐྱིད་འཛོམས་པའི་སྨོན་ལམ་ཤོག
སྨོན་ལམ་འགྲུབ་པའི་བཀྲ་ཤིས་ཤོག
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
གཏན་དུ་བདེ་བ་ཐོབ་པར་ཤོག
  • ལེ་ཚན་སྔོན་མ།:མི་ཉག་ཡུལ་གྱི་གཉེན་སྟོན་སྐབས་འཁྲབ་པའི་འགྲོ་བྲོ།
  • ལེ་ཚན་རྗེས་མ།:དཔལ་ཡུལ་ས་ངན་གྱི་གཉེན་སྒྲིག་ལུགས་སྲོལ།
  • དོ་སྣང་ཆེ་བའི་རྩོམ།