ངའི་མི་ཚེའི་ནང་གི་དགེ་རྒན་ཐོག་མ།

རིན་ཆེན་བསམ་འགྲུབ།        2022-05-18

ང་ནི་འབྲོག་ཁུལ་གྱི་འབྲོག་བུ་ཞིག་ཡིན། ཚང་མས་བཤད་ན་ཕ་མ་གཉིས་ནི་སློབ་གསོ་གཏོང་བའི་དགེ་རྒན་ཐོག་མ་ཡིན་ཟེར། ང་ནི་གཞན་པའི་ལྟ་སྟངས་ལས་ལྡོག་སྟེ་བདག་གི་སེམས་ནང་གི་ང་ལ་སློབ་གསོ་གཏོང་མཁན་གྱི་མི་དེ་ནི་སློབ་གྲྭའི་དགེ་རྒན་ཡིན་པས། བདག་གི་སེམས་ནང་དུ་དགེ་རྒན་ནི་ཕ་མ་ལས་ཀྱང་བཀའ་དྲིན་བླ་མེད་ཅིག་ཡིན་པར་འདོད།

ཆུང་དུས་ནས་ང་རྒྱུན་པར་ཕ་མ་གཉིས་ཀྱི་གམ་དུ་བསྡད་པའི་དུས་ཚོད་རིང་ན་ཡང་། ཕ་མའི་བཀའ་དྲིན་དེ་བདག་གི་སེམས་ནང་གི་དགེ་རྒན་གྱི་བཀའ་དྲིན་དང་བསྡུར་ཐབས་མེད་པ་རེད། བྱིས་གཉེར་ཁང་གི་བྱིས་པ་ཚོ་དང་ཆུང་དུས་ནས་དགེ་རྒན་གྱི་གམ་དུ་མངགས་པ་རེད། འཚོ་བ་དང་མཁོ་བའི་བྱ་སྤྱོད་མང་བོ་བྱིས་པ་ཚོ་ལ་ཁྲིད་པ་རེད། ཕ་མ་གཉིས་གྱི་བདག་ལ་ལྭ་བ་གྱོན་སྟངས། ཟ་མ་ཟ་སྟངས། འགྲོ་སྟངས་འདུག་སྟངས་སོགས་མང་པོ་ཁྲིད་པ་རེད། བདག་གི་སེམས་ནང་དུ་གོང་གི་སློབ་གསོ་འདི་ཚོ་ཆེས་མ་མཐའི་ཕ་མའི་འགན་འཁུར་ཡིན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། ལོ་ཟླ་འགའ་ཞིག་འགོར་རྗེས། བདག་སློབ་གྲྭར་འགྲོ་བའི་གོམ་པ་དང་པོ་སྤོས་པ་ཡིན། ཉིན་དེ་ནས་བཟུང་མ་ཡུམ་སློབ་གྲྭའི་ནང་དུ་སོང་། ང་སློབ་གྲྭའི་ཁོར་ཡུག་ནང་དུ་འཛུལ་བ་ན། སློབ་གྲྭའི་ཁོར་ཡུག་ནི་མུ་མཐའ་མེད་པའི་རྩྭ་ཐང་དང་འདྲ་ལ། ད་དུང་སློབ་གྲོགས་ཚོའི་དགོད་སྒྲ་ནི་གླུ་དང་འདྲ་བར་ཧ་ཅང་སྙན། ཉིན་དེ་ནས་བཟུང་བདག་གི་སེམས་ནང་དུ་སློབ་གྲྭ་ལས་སྐྱིད་ཅིག་མེད་པར་སྙམ་པས། བདག་གི་ངོ་གདོང་ནས་བཅོས་མིན་གྱི་འཛུམ་མདངས་ཤིག་ངང་ངམ་ཤུགས་ཀྱིས་མངོན་ཡོང་།

ཕྱི་ཉིན་ནས་བཟུང་ཡིད་སྨོན་སྐྱེས་པའི་དགེ་རྒན་རྣམ་པའི་དཔེ་ཁྲིད་ལ་ཉན། དཔེ་ཁྲིད་ཉན་པའི་སྐབས་སུ་བདག་གི་སེམས་ནི་དགེ་རྒན་ཁོང་ང་ཚོའི་མ་རུ་གྱུར་སོང་བ་དང་འདྲ། དཔེ་ཁྲིད་བྱེད་པའི་དགེ་རྒན་གྱི་མིག་མདངས་ནི་ཧ་ཅང་བརྩེ་སེམས་ལྡན་པ་ཞིག་རེད། ད་དུང་སྐད་ཆ་བཤད་སྟངས་དང་ངོ་གདོང་གི་ཉམས་འགྱུར་སོགས་བྱམས་བརྩེ་དང་སྙིང་རྗེ་ཡིས་ཁེངས་ཡོད། ཁོང་གིས་སློབ་ཁྲིད་ཀྱིས་ཞོར་དུ་ང་ཚོ་ལ་གནའ་གཏམ་དང་ལོ་རྒྱུས་སོགས་མང་པོ་གསུངས། དགེ་རྒན་ལ་སྒེར་སེམས་མེད་པ། མི་སུ་ཡིན་ཡང་འདྲ་མཉམ་འཛིན་པ། དགེ་རྒན་གྱི་སློབ་གསོ་ནི་ཉིན་གཅིག་དང་ལོ་གཅིག་མ་ཡིན་པར། ལོ་དང་ཟླ་བ་རེ་རེ་བཞིན་ང་ཚོ་ལ་སློབ་གསོ་གནང་ཞིང་བརྩེ་བའི་བྱམས་ཀྱིས་སྐྱོང་བ་རེད། དགེ་རྒན་གྱིས་དཔེ་ཀློག་བྱ་སྟངས་དང་ཡི་གེ་འབྲི་སྟངས། ཀློག་འདོན་མི་ཤེས་པའི་ང་ཚོར་ཀློག་ན་སྒྲ་གསལ་བ་དང་བྲིས་ན་ཡིག་གཟུགས་ཡག་པོ་ཞིག་འབྲི་ཤེས་སུ་བཅུག་པ་རེད། ད་དུང་རང་རིགས་ཀྱི་བོད་ཡིག་གཙོ་བྱས་ནས་ཁྲིད་པ་བཀའ་དྲིན་བླ་ན་མེད་པ་རེད། ད་དུང་སློབ་གྲྭའི་ནང་གི་འགྲོ་འདུག་སྤྱོད་གསུམ་གཙོ་བྱས་ནས་ང་ཚོ་ལ་སློབ་གསོ་བཏང་བ་རེད། གཞན་ལ་རྫུན་མི་བྱེད་པ། ཐ་མག་མི་འཐེན་པ། ཆང་མི་འཐུང་བ། རྡུང་རེས་མི་རྒྱག་པ། སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་བྱ་དགོས་པ། མ་བྱིན་པར་མི་ལེན་པ། ཕ་མར་བརྩི་བཀུར་ཇི་ལྟར་བྱ་དགོས་པ། མི་གཞན་ལ་སྐད་ཆ་ཇི་ལྟར་བཤད་དགོས་པ་སོགས་གཙོ་ཆེ་བའི་བསླབ་བྱ་མང་བོ་ང་ཚོ་ལ་གནང་བ་ཉུང་ཉུང་མིན།

དགེ་རྒན་གྱིས་ང་ཚོ་སྡིགས་དམོད་དང་སྐད་ཆ་མི་སྙན་པ་སྨྲ་བ་ནི་ཤ་ཚ་བའི་རྟགས་ཡིན་པར་མ་ཟད། གཏམ་དཔེ་ཡང་འདི་ལྟར་ཡོད། ཤ་ཚ་བའི་ཚིག་ལ་སྙན་མོ་མེད།ནད་དྲག་པའི་སྨན་ལ་ཞིམ་པོ་མེད་ཅེས་པ་ལྟར། སྐད་ཆ་འདི་ཚང་མས་སེམས་ལ་འཛིན་དགོས། དགེ་རྒན་གྱིས་སློབ་མ་ལ་སྡིགས་དམོད་བྱེད་ཙེ་སློབ་མ་འགའ་རེས་རྣམ་འགྱུར་མི་ལེགས་པ་སྟོན་པ་རེད། དེ་ནི་ངོ་མ་གླེན་རྟགས་རེད། མི་དེ་ཚོ་རྗེས་ཕྱོགས་འགྱོད་པ་སྐྱེས་ནས་སྡུག་བསྔལ་བགྱིས་ན་ཅི་ཡང་མི་ཕན། རྗེས་ཕྱོགས་དགེ་རྒན་གྱི་གསུང་ལ་ཉན་མི་ཐུབ་པའི་སྐལ་བ་ཡང་ཡོད། རྒྱུ་མཚན་ནི་འཇིག་རྟེན་མི་རྟག་པ་ཡིན། དགེ་རྒན་གྱི་གསུང་ཁ་ལེན་ཚིག་བརྩི་བྱེད་དགོས། ཆུང་དུས་ནས་མི་གཞན་པའི་སྐད་ཆ་དང་ལེན་བྱེད་པ་གོམས་གཤིས་ཤིག་ཆགས་པར་བྱས་ན་སྤྱི་ཚོགས་ཐོག་ཏུ་སོང་ན་དོན་དག་གང་ཡིན་རུང་ལེགས་པོ་ཞིག་འགྲུབ་སྲིད། དགེ་རྒན་གྱིས་དོན་དག་ཅིག་ང་ཚོར་བསྒྲུབ་ཏུ་བཅུག་པ་ནི་རེ་བ་ཡོད་པ་དང་ཡིད་ཆེས་བྱེད་པ་ཡིན་པས། འགན་འཁུར་འགྲུབ་ཡོད་པ་དེ་ཅིས་ཀྱང་ཨེ་འགྲུབ་ལྟ་དགོས། རང་ཉིད་ཀྱི་དོན་དག་དེ་ལེགས་པོ་གྲུབ་སོང་ན་རྗེས་ཕྱོགས་སློབ་གྲོགས་ཚོར་མིག་དཔེ་འཛིན་དུ་འཇུག་པ་སོགས་དགེ་རྒན་གྱིས་རང་ཉིད་ཀྱི་ཤ་ལས་ཆད་པའི་བྱིས་པ་ནང་བཞིན་སློབ་གྲོགས་ཚོ་མུ་ནས་བརྩེ་བའི་སློབ་གསོ་གནང་བ་རེད།

རང་ཉིད་ཀྱི་བྱིས་པ་དང་འདྲ་བར་ལྟ་སྟངས་དང་རྣམ་འགྱུར་གཅིག་བཟུང་ནས་དུས་ཚོད་གང་ཡང་རུང་བའི་སྐབས་སློབ་གསོ་གནང་། བདག་ལ་སེམས་འགུལ་ཐེབས་སུ་བཅུག་པ་ཐེངས་གཅིག་ག་ལ་ཡིན། དགེ་རྒན་ཚང་མས་རང་རྒྱུད་ཀྱི་ཤེས་བྱའི་རིག་གནས་དང་སྒྲུབ་ཐུབ་པའི་ནུས་པ་ཚང་མ་བྱིས་པ་ཚོ་ལ་འབུལ་གྱིན་ཡོད། དེ་བས་ངས་མི་ཚེའི་ནང་གི་དགེ་རྒན་ནི་ཕ་མ་ལས་སྐུ་དྲིན་བླ་ལྷག་ཆེ་བ་ཡིན་ཟེར་ན་འདོད། འདི་དང་འདྲ་བའི་དགེ་རྒན་འཕྲད་པ་ཧ་ཅང་དཀོན་པས། སློབ་གྲོགས་ཚོས་རང་ཉིད་འགྱོད་པ་སྐྱེས་པའི་བྱ་བ་ཞིག་མི་བསྒྲུབ་པར་སེམས་ཀྱི་ཟབ་སར་འཛིན་རོགས་ཞུས་པ་ལགས། མཐར་བོད་གངས་རིའི་ལྗོངས་ཀྱི་བྱིས་པ་ཚོའི་བྱ་གཞག་ཐམས་ཅད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ་ཞུ།།



  • ལེ་ཚན་སྔོན་མ།:དམིགས་པ་མེད་པར་དགེ་རྒན་བྱས།
  • ལེ་ཚན་རྗེས་མ།:དབྱིངས་སུ་འཁྱིལ་བའི་ཕ་ཡུལ།