《བདེན་འཚོལ》དུས་དེབ་ཏུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།

མཁས་གྲུབ་ཀྱིས་བསྒྱུར།        2022-05-17

《བདེན་འཚོལ》དུས་དེབ་ཏུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།

《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།

རང་རྒྱལ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་པར་བྱ་དགོས།

 

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ5པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་དུས་ཐེངས10པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རང་རྒྱལ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱ་དགོས》ཞེས་པ་བཀོད་ཡོད། 

   རྩོམ་ཡིག་ནང་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་ཀྱི་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་གནད་དོན་གལ་ཆེན་གསར་པ་མང་པོར་འཕྲད་ཡོད་པས་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱ་དགོས་ཞེས་ནན་གསུང་གནང་ཡོད། 

   རྩོམ་ཡིག་ནང་བསྟན་དོན། ཐུན་མོང་ངང་ཕྱུག་འབྱོར་ཡོང་བའི་འཐབ་ཇུས་དམིགས་འབེན་དང་ལག་ལེན་ཐབས་ལམ་ལ་ངོས་འཛིན་ཡང་དག་དང་སྟངས་འཛིན་ཡང་དག་བྱ་དགོས། ཐུན་མོང་ངང་ཕྱུག་འབྱོར་ཡོང་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་རེད། ཐུན་མོང་དུ་ཕྱུག་འབྱོར་ཡོང་བའི་དམིགས་འབེན་འགྲུབ་དགོས་ན། ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་དུ་འབད་བརྩོན་བྱས་ནས་“སྒོང་སོབ”ཆེ་ཞིང་ལེགས་པོ་བཟོ་དགོས་པ་དང་། དེ་ནས་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་བྱས་ནས་“སྒོང་སོབ་”ཡག་པོར་བགོ་དགོས། འདི་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། ང་ཚོས་ཆ་རྐྱེན་སྐྲུན་པ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གོམ་པ་བརྟན་པོའི་ངང་དམིགས་འབེན་དེའི་ཕྱོགས་སུ་བསྐྱོད་དགོས། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་དམིགས་སུ་བཀར་བའི་ཁྲིད་ཕྱོགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་འཕར་བའི་ལས་ཞུགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་ཞིང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་། དངོས་གཉེར་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས་ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏང་དགོས། བགོ་བཤའི་བྱེད་རྩོལ་དང་ནུས་པ་འདོན་སྤེལ་དང་། ལས་ཆོད་དང་དྲང་གཞག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཐོག་མའི་བགོ་བཤའ་དང་། བསྐྱར་དུ་བགོ་བཤའ། བགོ་བཤའ་ཐེངས་གསུམ་བཅས་མཐུན་སྦྱོར་ཆ་འགྲིག་ཡོང་བའི་རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་བཀོད་སྒྲིག་ཆགས་པར་བྱ་དགོས། སྤྱི་པའི་ཞབས་ཞུའི་སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱ་རྒྱུ་མཐའ་འཁྱོངས་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་གཙོ་གནད་དུ་འཛིན་པ་དང་། སློབ་གསོ་དང་། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་ཆེ་བའི་ཁྱབ་ཁོངས་སུ་མ་མཐའི་སྤྱི་པའི་ཞབས་ཞུ་མཁོ་འདོན་གནད་ལ་སྨིན་བ་བྱ་དགོས། 

   རྩོམ་ཡིག་ནང་བསྟན་དོན། མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ལ་ངོས་འཛིན་ཡང་དག་དང་སྟངས་འཛིན་ཡང་དག་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གཉེར་བ་ནི་ང་ཚོའི་ཏང་གི་གསར་གཏོད་རླབས་ཆེན་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཇི་ལྟར་བྱས་ནས་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་འཚོལ་ཞིབ་བྱ་དགོས་པ་དང་ཆབས་ཅིག་མ་རྩའི་ཕན་མེད་ནུས་པར་ཚོད་འཛིན་ནུས་ལྡན་ཡང་བྱ་དགོས། མ་རྩར་“ཆོག་མིན་གྱི་གློག་དམར་ལྗང་”བཞག་སྟེ་མ་རྩ་ཁ་ཤས་འཛེམ་མེད་རྒྱས་པ་སྔོན་འགོག་དང་ཁྲིམས་ལྟར་མ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། མ་རྩ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་ཞིང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏང་དགོས།

   རྩོམ་ཡིག་ནང་བསྟན་དོན། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན་ལ་ངོས་འཛིན་ཡང་དག་དང་སྟངས་འཛིན་ཡང་དག་བྱ་དགོས། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན་ཡག་པོ་བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་འཐབ་ཇུས་འཆར་འགོད་ལ་ཤུགས་བརྒྱབ་ནས་སྔ་ཙམ་ལེགས་སྒྲིག་བྱས་ཏེ་མཁོ་སྤྲོད་ཉེན་མེད་ཡོང་བ་འགན་ལེན་བྱ་དགོས། གྲོན་ཆུང་དམིགས་སུ་བཀར་ནས་བྱ་རྒྱུ་མཐའ་འཁྱོངས་པ་དང་། ཕྱོགས་ཡོངས་ནས་གྲོན་ཆུང་འཐབ་ཇུས་ལག་བསྟར་བྱས་ཏེ་ཁྱབ་ཁོངས་ཁག་ཏུ་གྲོན་ཆུང་བྱ་སྤྱོད་སྤེལ་དགོས། རྒྱལ་ནང་གི་ཐོན་ཁུངས་ཐོན་སྐྱེད་འགན་སྲུང་བྱེད་ནུས་ཆེ་རུ་གཏང་དགོས། ཕྱི་ཕྱོགས་ཀྱི་ཐོན་ཁུངས་འགན་སྲུང་བྱེད་ནུས་ལེགས་སུ་གཏང་དགོས། ཀྲུང་གོ་བའི་ལྟོ་ཕོར་དུས་ནམ་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་དགོས་པ་དང་། ང་ཚོའི་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་བླུག་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་བཞག་ནས་བཟའ་འབྲུ་མཐའ་གཅིག་ཏུ་ཉེན་མེད་ཡོང་བ་དང་འབྲུ་རིགས་གཞི་རྩའི་ཆར་རང་མཁོ་རང་སྤྲོད་ཐུབ་པའི་འགན་ལེན་བྱས་ཏེ། སྣུམ་རྒྱུ་དང་སྲན་ཆེན་གྱི་ཐོན་ནུས་དང་རང་མཁོ་རང་སྤྲོད་ཐུབ་ཚད་མཐོ་རུ་གཏང་དགོས།  

   རྩོམ་ཡིག་ནང་བསྟན་དོན། ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་ཐབས་བྱེད་པར་ངོས་འཛིན་ཡང་དག་དང་སྟངས་འཛིན་ཡང་དག་བྱ་དགོས། མ་མཐའི་མཐིལ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་ཉེན་ཁ་དང་ཉམས་ཉེན་ཚབས་ཆེན་མི་ཐོན་པ་བྱ་དགོས། སྤྱི་ཡོངས་བརྟན་པོ་དང་། སྤྱི་འདོམས་མཐུན་སྦྱོར། རིགས་བགོས་ཇུས་བསྟར། ཉེན་སེལ་གནད་སྨིན་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་ལྟར་མུ་མཐུད་དེ་ཉེན་ཁ་སེལ་བའི་ལས་དོན་དམ་འཛིན་ཡག་པོ་བྱ་དགོས། ཁྲིམས་དང་སྒྲིག་སྲོལ་དང་མཐུན་ཞིང་། འགན་འཁྲི་ནན་དུ་གཏོང་བ། ནུས་པ་འཛུགས་སྐྱོང་ལ་ཤུགས་རྒྱག་པ། ཐོན་ཁུངས་འདང་ངེས་ཡོད་ཅིང་ཕྱོགས་ཁག་གིས་རྒྱ་ཁྱབ་ངང་གཞོགས་འདེགས་བྱས་ནས་ཁྲོམ་ར་དང་ལས་རིགས་བརྒལ་ནས་སྤྱི་འདོམས་ངང་ཁ་གཏད་གཅོག་ནུས་ཆེ་རུ་གཏང་དགོས།

   རྩོམ་ཡིག་ནང་བསྟན་དོན། ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་ལ་ངོས་འཛིན་ཡང་དག་དང་སྟངས་འཛིན་ཡང་དག་བྱ་དགོས། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་སྒྱུར་བའི་རྙོག་འཛིང་ཆེ་བའི་འདུ་འགོད་དང་ཡུན་རིང་གི་ལས་འགན་ཞིག་རེད། ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་དམིགས་འབེན་འགྲུབ་པར་བློ་བརྟན་འགྱུར་མེད་བྱ་དགོས། ཡིན་ན་ཡང་འཐབ་ཐེངས་གཅིག་གིས་འགྲུབ་ཐུབ་པ་ཞིག་མ་ཡིན་པར་བརྟན་ཐོག་ཡར་འཕེལ་དང་རིམ་གྱིས་མངོན་འགྱུར་ཡོང་བ་མཐའ་འཁྱོངས་བྱ་དགོས། རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་དང་། གྲོན་ཆུང་བྱ་རྒྱུ་དམིགས་སུ་བཀར་བ། ཕྱོགས་གཉིས་ཆ་ནས་སྐུལ་བ། ཕྱི་ནང་འབྲེལ་ཐུབ་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་དགོས། རྡོ་སོལ་གཙོ་བོར་བྱེད་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞིགས་ནས་རྡོ་སོལ་གཙང་ཞིང་ཕན་ནུས་ལྡན་པའི་སྒོ་ནས་བེད་སྤྱོད་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་ནུས་ཁུངས་གསར་པ་བསྡུ་ཉར་གཙང་སེལ་བྱེད་ནུས་ཆེ་རུ་གཏང་དགོས། འབྱུང་འཕྲོད་ཐཱན་ཉུང་ལག་རྩལ་འགག་སྒྲོལ་ཤུགས་ཆེན་བྱས་ཏེ་སྔོན་ཐོན་ལག་རྩལ་ཁྱབ་གདལ་བེད་སྤྱོད་མགྱོགས་སུ་གཏང་དགོས། ཚན་རིག་དང་མཐུན་པར་དཔྱད་ཞིབ་དང་། ནུས་ཁུངས་ཟད་གྲོན་གྱི་“ཚོད་འཛིན་གཉིས་”ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྦགས་བཙོག་དང་ཐཱན་ཉུང་གཏོང་གི་བརྩོན་སྐུལ་དང་ཚོད་འཛིན་ལམ་སྲོལ་གང་མགྱོགས་ཆགས་པར་བྱ་དགོས། “ཚོད་འཛིན་གཉིས”དང་“ཐཱན་གཉིས”ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་བསྒྲུབས་ནས་སྟབས་བདེའི་ངང་རིམ་པ་རེ་རེ་བཞིན་ལ་དབྱེ་ཕྲལ་བྱེད་པ་འགོག་དགོས། ནུས་ཁུངས་གསར་བརྗེར་སྐུལ་འདེད་ཤུགས་ཆེན་བཏང་ནས་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་པ་བྱ་དགོས།།


  • ལེ་ཚན་སྔོན་མ།:2022ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཟླ6པའི་ཚེས7དང8ཉིན་གཏོང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།