ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ་བྱེད་འགོ་བཙུགས་པ།

ཡེ་ཤེས་ཀྱིས་བསྒྱུར།        2022-05-09

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ4པའི་ཚེས28ཉིན་གློག་འཕྲིན་འབྱོར་གསལ། ཚེས28ཉིན་གསར་འགོད་པས་མཚོ་བོད་མཐོ་སྒང་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་གཉིས་པ་ནས་ཤེས་རྟོགས་བྱུང་དོན། “རྩེར་སོན་ལས་འགན2022——ཇོ་མོ་གླང་མའི་མཚོ་འཕགས་ཆེས་མཐོ་བའི་ས་ཁུལ་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག”དེ་བོད་ལྗོངས་ཇོ་མོ་གླང་མའི་ས་ཁུལ་དུ་སྤེལ་ཞིང་། ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག5ནས་ཡོང་བའི་ཚན་རིག་རྟོག་ཞིབ་ཚོ་ཆུང16གི་ནང་བསྡོམས་པས་ཚན་རིག་རྟོག་ཞིབ་རུ་མི270ལྷག་ཙམ་ཞུགས་ཡོད་པ་རེད།

འདི་ནི2017ལོར་མཚོ་བོད་མཐོ་སྒང་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་སྤེལ་ཚུན། རིག་སྟོབས་ཚན་རིག་ཁྱབ་རྒྱ་ཆེ་ཤོས་དང་། ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་མང་ཤོས། དཔྱད་ཆས་སྒྲིག་ཆས་སྤྱད་པ་ཆེས་སྔོན་ཐོན་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱས་པ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ནང་ཇོ་མོ་གླང་མའི་ས་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་ལ་དམིགས་ཏེ། རླུང་ཁམས་ཆེན་པོ་དང་ཆུ། སྐྱེ་ཁམས། ས་ངོས་སོགས་ཕྱོགས་མང་པོའི་ཐོག་ནས་རྟོག་ཞིབ་བྱས་པ་རེད། ཚན་རིག་ཞིབ་འཇུག་མི་སྣས་སྔོན་ཐོན་གྱི་ལག་རྩལ་དང་། ཐབས་ཤེས། བྱ་ཐབས་བཅས་ཐོག་མར་སྤྱད་དེ། ནུབ་རླུང་དང་དུས་རླུང་གི་མཐུན་སྦྱོར་ནུས་པ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག། སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན། འགྲོ་བ་མིའི་བྱེད་སྒོ་སོགས་ཚན་རིག་གི་གནད་དོན་གལ་ཆེན་ལ་དམིགས་ནས་ཞིབ་འཇུག་བྱས་པ་རེད།

ད་ཐེངས་ཀྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་གལ་ཆེན་ཞིག་ནི། མཚོ་འཕགས་མཐོ་ཚད་སྨི5200ནས8800བར་གནམ་གཤིས་ས་ཚུགས8བསྐྲུན་པ་དང་། དེའི་ནང4ནི་མཚོ་འཕགས་མཐོ་ཚད་སྨི7000ཡན་ཆད་ཡིན་པ་རེད། སྨི8800ཡི་གནམ་གཤིས་ས་ཚུགས་བཙུགས་ཐུབ་ཚེ། གོ་ལ་ཧྲིལ་པོའི་མཚོ་འཕགས་ཆེས་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་ས་ཚུགས་སུ་འགྱུར་རྒྱུ་རེད།

ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱིས་ཇོ་མོ་གླང་མའི་ས་ཁུལ་གྱི་རླུང་ཁམས་ཆེན་མོའི་ཁོར་ཡུག་དང་འཁྱགས་ཀློང་གི་འགྱུར་ལྡོག་ལ་ཤེས་རྟོགས་བྱེད་པར་རྩ་ཆེའི་གྲངས་གཞི་ཐོབ་རྒྱུར་མ་ཟད། ཁོར་ཡུག་ཤིན་ཏུ་ངན་པའི་འོག་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱས་ནས། གནམ་གཤིས་དྲོ་རུ་འགྲོ་བའི་རྒྱབ་ལྗོངས་འོག་ཇོ་མོ་གླང་མའི་མཚོ་འཕགས་ཆེས་མཐོ་བའི་ཁོར་ཡུག་འགྱུར་ལྡོག་གི་ཆོས་ཉིད་གསལ་བཏོན་བྱེད་པ་དང་། ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་གསར་གཏོད་ལ་ཚན་རིག་དང་མཐུན་པའི་ཇུས་གཞི་འདོན་རྒྱུ་རེད།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་གཞོན་ནུ་ཚོར་སྐུལ་ལྕག་གནང་བ།
  • ལེ་ཚན་རྗེས་མ།:སྐབས26པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས” ཀྱི་དཔྱད་འདེམས་ཡོངས་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།