ཁྲི་ཟླ་གཞོན། 2022-05-09
ཚེ་རིང་ཚར་མགོ་ནི་གཡུ་ཐང་སྡེ་བའི་སྡེ་མི་དཀྱུས་མ་ཞིག་ཡིན་ལ། ཆུང་དུས་ནས་མགོའི་སྐྲ་ལོ་ལ་ལུ་གུའི་ཚ་རུ་ལྟར་འཇིལ་ལི་རང་བྱོན་ཡིན་པས་སྡེ་མི་ཚོས་ཀུ་རེ་ཚུལ་དུ་ཁོའི་མིང་ལ་ཚེ་རིང་ཚར་མགོ་ཞེས་འབོད། ཁོ་ཆུང་དུས་ནས་སློབ་གྲྭ་སོགས་གང་ལའང་སོང་མ་མྱོང་ཞིང་ཁྱིམ་གྱི་བུ་ཁེར་སྐྱེས་ཡིན་པས་ཕ་མ་གཉིས་ཀྱིས་ལས་དཀའ་ས་དང་ཚེགས་ལྕི་ས་ཇི་འདྲ་ཡོད་ཀྱང་ཁོ་མི་མངགས་པར། གང་འཇམ་དང་གང་ཞིམ་བྱིན་ནས་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་ཏེ་ཁོའི་ལྟོ་རྒྱབ་སོགས་ལ་ལྷག་ཏུའང་འདང་རྒྱག་མེད་པ་ཞིག་ཏུ་གྱུར། ཁོ་རང་ནར་སོན་པའི་རྗེས་སུ་ནམ་རྒྱུན་ཕྱུགས་རྫི་དང་ལས་ཀ་སོགས་གང་ལའང་མི་འགྲོ་བར་རྒྱ་སྲང་དང་ཆང་ཁང་ཉུལ་ནས་དུས་འདའ་བས་ལོ་ཉི་ཤུའི་ཉི་མ་སྟོང་ཟད་དུ་གྱུར། འཇིག་རྟེན་བོད་ཀྱི་ཁ་དཔེ་ལ་མགོ་ནག་ཕོ་རེ་རྩིབ་ན་མོ་རེ་ཟེར་བ་ལྟར་ལོ་ཉི་ཤུ་ལོན་ནས་རིང་བོ་མ་སོང་བར་ཕ་མ་གཉིས་ཀྱིས་སྡེ་བའི་ནང་ནས་ཁོ་ལ་དེ་མཚུངས་ཀྱི་མནའ་མ་ཞིག་ཁྱིམ་ཐབ་ཏུ་བསུས་ཤིང་། ལུགས་སྲོལ་ལྟར་རྒྱུ་ཟོག་ཀྱང་འོས་འཚམས་ཤིག་བགོས་ནས་ཁྱིམ་ཚང་ཁ་ཁར་བཀར་ཏེ་གཞི་བཙུགས།
སྤྱིར་ཡིན་ན་ཕ་མས་བུ་ཕྲུག་ལ་རྒྱུ་ཟོག་བགོས་ཤིང་ཁྱིམ་ཚང་ཡང་ཁ་ཁར་དགར་བ་ཡིན་ན། བུ་ཕྲུག་གིས་རྗེས་ཀྱི་མི་ཚེ་འཚོ་བའི་བཤུལ་ལམ་རིང་མོར་རང་ཁོ་ན་བགྲོད་དགོས་པའི་ངེས་ཤེས་དགོས་ལ། དེར་མ་ཟད་ད་དུང་དེ་ལ་དེར་མཐུན་གྱི་གྲ་སྒྲིག་བྱས་ནས་འཚོ་བའི་གནོན་ཤུགས་ལ་གདོང་གཏད་ན་འགྲིག་མོད་། ཁོ་ལ་མཚོན་ན་དེ་ལས་ལྡོག་སྟེ་ཁྱིམ་ཚང་བགོས་པ་དེ་གནོན་ཤུགས་ཤིག་ཏུ་གཏན་ནས་མི་མཐོང་བར་བདེ་སྐྱིད་ཅིག་ཏུ་བསམ་ཞིང་རང་གི་དགའ་ཕྱོགས་ཀྱི་ཤུགས་ཀྱང་ཇེ་ཆེར་གྱུར། དགའ་ཕྱོགས་དེ་ནི་གནས་གང་ཞིག་ནས་དུས་ནམ་ཞིག་ལ་མི་སུ་ཞིག་གིས་ཁོར་ལོབས་སུ་བཅུག་པ་མི་ཤེས་མོད་གཉེན་སྒྲིག་མ་བྱས་པའི་སྔ་རོལ་ནས་བཟུང་ཁོའི་གོམས་གཤིས་སུ་གྱུར་ཡོད་ལ། སྐབས་དེར་ཕ་མ་གཉིས་ཀྱི་བཀའ་དྲིན་ལ་དགའ་ཕྱོགས་དེར་དགའ་ཚོད་ཅུང་ཙམ་ཟིན་ཡོད་པས་ཁོ་ཡང་ཧ་ཅང་བདེ་ཐང་དང་རྒྱུན་ལྡན་གྱི་མི་ཞིག་ཡིན། བཤད་ནས་སྐབས་འདིར་སླེབས་དུས་ཁྱོད་ཀྱིས་ཁོའི་དགའ་ཕྱོགས་དེ་དོན་ངོ་མར་ཅི་ཞིག་ཡིན་པ་ཤེས་འདོད་ཧ་ཅང་ཆེ་ངེས། འོ་ན་དོན་ངོ་མ་ཁོའི་དགའ་ཕྱོགས་དེ་ཅི་ཞིག་རེད་ཟེར་ན་དེ་ནི་ཏག་ཏག་ཆང་འཐུང་རྒྱུ་དེ་རེད།
ཁྱིམ་ཚང་ཁ་ཁར་དགར་བའི་ཉིན་དེ་ནས་བཟུང་སྟེ། ཁོས་ཁྱིམ་ཚང་དེར་ཕན་པའི་བྱ་བ་རེ་བསྒྲུབ་རྒྱུ་ལྟ་ཞོག་ནམ་རྒྱུན་ཆང་ཁོ་ན་འཐུངས་ནས་ཉི་མ་གང་འཁྱོལ་བྱས། ཁོའི་ཆུང་མ་ནི་ལག་ལས་ཀར་ཧ་ཅང་མཁས་ཤིང་ཕྱུགས་འཚོ་ཁྱིམ་སྐྱོང་གི་ལས་གང་ལ་ཡང་ཐོགས་འདུག་མེད་པ་ཞིག་ཡིན་པས་སྒོ་ཕྱི་ནང་གི་ལས་ཀ་ཚང་མ་མོ་གཅིག་པུས་ཁས་ལེན་ཁག་ཁུར་བྱས། ལོ་མཇུག་ཏུ་ཡུག་ཤོག་སྲིད་གཞུང་གིས་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཐོ་འགོད་བྱེད་པའི་སྐབས་སུའང་ཁོ་ཚང་བལྟོས་བཅས་ཀྱིས་འབྱོར་འབྲིང་གི་ཁྱིམ་ཚང་གི་གྲས་སུ་ཚུད་པས་དབུལ་ཕོངས་ཀྱི་ཁྱིམ་ཚང་དེ་དག་གི་གྲས་སུ་ལྷུང་མ་དགོས།
ཉིན་ཐོག་ཉིན་བརྩེགས་དང་ཟླ་ཐོག་ལོ་བརྩེགས་ཀྱིས་དུས་ཡུན་རིང་པོ་ཞིག་འགོར་ཏེ་ཁོ་རང་ལོ་ན་སུམ་ཅུ་སོ་བརྒྱད་ལྷག་ལ་སོན། འོན་ཀྱང་ལོ་ངོ་འདི་དག་གི་རིང་ལ་ཁོས་ཆང་དེ་ཆང་དུ་བསམས་ནས་རང་གི་བདེ་ཐང་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད་པར་དེ་ལས་ལྡོག་སྟེ་ཆང་དེ་ཆུ་ལྟར་འཐུང་རྒྱུ་ནི་ཏབ་ཅིག་ལའང་གཏན་ནས་མཚམས་བཞག་མ་མྱོང་། གནའ་ནས་བཟུང་མི་ཚང་མས་ཆང་འཐུང་མཁན་ལ་ངན་ཆ་མང་པོ་བགྲངས་བ་ལས་བཟང་ཆ་ཅི་ཡང་མི་བགྲངས་མོད། ཏག་ཏག་དེ་ལས་ལྡོག་སྟེ་ཆང་ལ་དགའ་བའི་ཁོ་རང་ལ་བཟང་ཆ་ཡང་ཅུང་ཙམ་ཡོད་དེ། དཔེར་ན་ནམ་རྒྱུན་ཆང་འཐུང་ཚར་རྗེས་ཆང་སྐྱོན་གཏན་ནས་ཕུད་མི་སྲིད་ལ། མིག་ཆུ་ཤམ་ཤམ་དང་ངུ་སྐད་ལྷང་ལྷང་། ཁ་ཆུ་སྣ་ཆུ་མི་ཚོགས་པར་ཙ་ར་ར་བྱེད་པའི་སྐྱུག་རྫོབ་ཀྱི་སྣང་ཚུལ་དེ་འདྲ་ནི་གཏན་ནས་བཟོ་མི་སྲིད། ཡིན་ནའང་རྒྱུ་བཏབ་ན་འབྲས་བུ་ལོས་འཁྲུངས། གྲངས་ཚད་གང་མང་བསགས་ན་ངོ་བོའི་འགྱུར་ལྡོག་འབྱུང་བའི་དཔེ་ལྟར་ཆང་འཐུང་རྒྱུ་མང་དྲགས་པས། རིང་པོ་མ་ལོན་པར་ཁོའི་དབང་རྩ་འགའ་ཤས་ལ་གནོད་པ་ཐེབས་ཏེ་སྔོན་དང་བསྡུར་ན་རྒྱུན་ལྡན་ལྟར་རྩ་ཆུ་དེ་འདྲ་མི་ཚོགས་པ་ཞིག་ཏུ་གྱུར་ཅིང་། རྗེས་སུ་ཁོའི་རྩ་ཆུ་མི་ཚོགས་པའི་སྣང་ཚུལ་དེ་ཚབས་ཇེ་ཆེར་གྱུར་ནས་ཉིན་གཅིག་གི་ནང་ལའང་ཐེངས་བཅུ་ཕྲག་འགར་གཅིན་གཏོང་དུ་རྒྱུག་དགོས་པའི་ཚད་དུ་སླེབས། ལྷག་པར་དུ་ནམ་གུང་གི་སྐབས་སུ་སེམས་ཅན་བདེ་མོའི་གཉིད་དུ་ཡུར་ཞིང་རྨི་ལམ་ཡག་པོ་རེ་རྨི་དུས། ཁོའི་ལན་ཆགས་ལ་དུས་ལྟར་གཅིན་པ་གཏོང་དུ་སྒོར་རྒྱུགས་དགོས་ཤིང་།དེའང་ཐེངས་གཅིག་མ་ཡིན་པར་ཐེངས་གཉིས་དང་གསུམ། སྐབས་ལན་རེར་དེ་ལས་ཀྱང་ཐེངས་གྲངས་མང་བས། ནམ་ཟླ་རྒྱུན་ལྡན་ཡིན་ན་ལས་ཀ་དེ་དེ་འདྲའི་དཀའ་མོ་ཞིག་མིན་ཡང་དབྱར་ཆར་ནང་དང་དགུན་ཙག་ནང་ལ་ཁེལ་དུས་དེ་ངོ་མ་ལས་ཀ་ཅུང་དཀའ་མོ་ཞིག་ཏུ་གྱུར།
ཉིན་ཞིག་ལ་ཁོས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཏང་མཐར་ད་གཟོད་ཆབ་ཏོག་ཞིག་ཉོ་རྒྱུ་ཐག་བཅད། དོན་དག་འདི་དེ་འདྲའི་སླ་མོ་ཞིག་གང་ནས་ཡིན། ཁོའི་ཆུང་མས་ཆེས་ཐོག་མར་ངོ་རྒོལ་བྱས་བྱུང་། མོ་ན་རེ། སྡེ་བའི་ནང་གི་རྒན་པ་ལོ་དྲུག་ཅུ་ལས་བརྒལ་བ་ཚོ་ཡང་སྒོར་ཆབ་གསང་ལ་འགྲོ་ཐུབ་ཅིང་། ནད་པ་དབང་པོ་ཐམས་ཅད་ཞ་བོར་གྱུར་བ་ཞིག་མིན་ན་དེ་ཡང་སྒོར་ཆབ་གསང་ལ་འགྲོ་ཐུབ་པར་ལྟོས་དང་། ཁྱོད་ལ་ནད་ནི་མེད། ལོ་ནི་ཆུང་། དབང་པོ་དག་ནི་རྒྱུན་ལྡན་ཡིན། ད་ཅིའི་ཕྱིར་འདི་འདྲ་བྱེད་པ་ཡིན། གལ་ཏེ་ཁྱིམ་དུ་མགྲོན་ལ་ཡོང་བའི་འགྲུལ་པ་རེ་འགས་མཐོང་ན་ཅི་བྱེད། ངོ་མི་ཚའམ་ཟེར། དེ་ལྟར་བཟའ་ཟླ་གཉིས་ཀྱིས་དོན་དེའི་ཆེད་དུ་དུས་ཡུན་རིང་པོ་ཞིག་ལ་ཁ་རྩོད་བྱས་ཤིང་། ཁོས་འཇམ་རྩུབ་ཟུང་འཇུག་གི་ཐབས་ཤེས་གང་མང་ཞིག་སྤྱད་མཐར་ད་གཟོད་ཆུང་མར་ཡང་ཐབས་ཟད་ནས་སྨྲ་བ་མེད་པར་གྱུར། རིང་པོ་མ་འགོར་བར། ཁོས་ངོ་མ་རང་ཉིད་ལ་ཚད་དང་རན་པའི་ཆབ་ཏོག་སྙིང་རྗེ་བོ་ཞིག་ཉོས།
ཆེས་ཐོག་མར་ཁོས་རྒྱུན་དུ་ཆབ་ཏོའི་ནང་ལ་གཅིན་མི་གཏོང་བར་ཅི་ནུས་ཀྱིས་སྒོར་ཆབ་གསང་དུ་འགྲོ་ལ། རྗེས་སུ་ཆར་ནང་དང་གངས་ནང་། ཙག་ནང་ལ་མ་གཏོགས་ཆབ་ཏོག་ནང་དུ་གཅིན་མི་གཏོང་། གཅིན་བཏང་ཚར་ཡང་ནམ་ལངས་མ་ཐག་ཁོ་སྔ་མོར་ལངས་ནས་རང་ཉིད་ཀྱི་གཅིན་པ་རང་གིས་སྒོའི་ཕྱིར་ཕོད་དུ་འགྲོ། མྱི་ཟེར་བ་འདིས་ཇི་ལྟར་རང་ཉིད་སྒྱིད་ལུག་ཏུ་བཏང་ན་དེ་ལྟར་སྒྱིད་ལུག་ཏུ་གྱུར་ཏེ། དཔེར་ན་སྦལ་བ་ཆུ་ཁོལ་མའི་ནང་དུ་དེ་མ་ཐག་འཕངས་ན་ཕྱིར་མཆོངས་ཡོང་བ་དང་ཆུ་གྲང་མོའི་ནང་བཞག་ཏེ་ཡུན་གྱིས་ཆུ་ཁོལ་དུ་བཅུག་ན། ཐོག་མར་ཁོས་ཆུའི་དྲོད་ཚད་མ་ཚོར་བར་འདུག་ཅིང་། བར་དུ་ཆུའི་དྲོད་ཚད་འོས་འཚམས་ཡིན་པ་དེར་ཡིད་ཚིམས། མཐའ་མར་ཆུ་གདུ་ལ་ཉེ་ཡང་རང་ཉིད་སླ་ང་ལས་ཕྱིར་མཆོངས་པའི་ནུས་པ་ཡོངས་སུ་མེད་པར་འགྱུར་བའི་དཔེ་ལྟར། དུས་ཡུན་ཅུང་ཙམ་འགོར་བའི་རྗེས་སུ་ཁོས་གངས་ཆར་བབས་ཡོད་ཀྱང་མེད་ཀྱང་ཆབ་ཏོག་ནང་དུ་གཅིན་པ་གཏོང་བའི་ཐེངས་གྲངས་ཇེ་མང་དུ་གྱུར་ལ། རང་གི་གཅིན་པ་རང་གིས་སྒོའི་ཕྱིར་ཕོད་པའི་ཐེངས་གྲངས་དེ་ཇེ་ཉུང་དུ་གྱུར། ཆུང་མས་དོན་དག་འདི་གཞན་གྱིས་རིག་ན་རྨིག་རྫོད་རེད་འདོད་པའམ་ཆབ་ཏོག་དེ་མིག་ལ་མ་རན་པ་གང་ཡིན་པ་མི་ཤེས་མོད། ནམ་ལངས་ཐེངས་རེ་རེར། མོ་སྔ་མོར་ཡར་ལངས་ནས་མེ་ཁ་གསོ་ཞོར་ཁོའི་ཆབ་སྣོད་ནང་གི་གཅིན་པ་རང་འགུལ་ངང་སྒོའི་ཕྱིར་འབོ་བར་བྱེད། ཏག་ཏག་རྗེས་སུ་ཆབ་ཏོ་ཕྱིར་འབོ་བའི་ལས་ཀ་དེ་མ་བགོས་རང་འགྲིག་གིས་ཆུང་མའི་འགན་ཁུར་ལྟ་བུ་ཞིག་ཏུ་ཆགས། ཡང་དུས་ཡུན་ཅུང་འགོར་རྗེས་ཁོ་ནི་དོན་དག་དེར་ཁ་སྐྱེངས་རྒྱུ་ཕར་ཕྱོགས་དེ་ལས་ལྡོག་སྟེ་ཆབ་ཏོག་ནང་གི་མི་གཙང་བ་སྒོའི་ཕྱིར་དབོ་མེད་ན་ཅི་མི་སྙམ་པར་ཆུང་མ་ལ། རྒྱུ་བྱིན་པའི་ཆུང་མ། རིན་བྱིན་པའི་ནོམ་པ་ཟེར་བའི་དཔེ་ལྟར། ཁྱོས་ཅིའི་ཕྱིར་ངའི་ཆབ་སྣོད་གཙང་མར་མི་བྱེད་ཅེས་བདེན་ཡོད་མདོག་དང་རྫིག་རྫིག་རྔམ་རྔམ་གྱིས་ལྡོག་འདྲི་བྱེད།
སླར་ཡང་ལོ་ཞིག་གི་དགུན་ཁར་སླེབས། ཨ་ཞང་ཚང་གིས་བཅའ་བ་རིམ་འགྲོ་ཞིག་བསྒྲུབ་དགོས་པས་ཁོའི་ཆུང་མ་དེར་རོགས་བྱེད་དུ་མི་འགྲོ་ཁག་མེད་བྱུང་། ཁྱིམ་ཚང་འདིར་ཁོ་གཉིས་ལ་བུ་ཕྲུག་སོགས་གཞན་ཅི་ཡང་མེད་པས་ཉིན་དེ་དག་གི་ཕྱུགས་རྫི་དང་ཁྱིམ་ལས་བྱེད་མཁན་ཚང་མ་ཁོ་གཅིག་པུ་མི་བྱེད་ཁག་མེད་དུ་གྱུར། ཆུང་མ་ཨ་ཞང་ཚང་ལ་སོང་ནས་ཧ་ལམ་ཉིན་གསུམ་ལྷག་འགོར། ཉིན་གསུམ་པ་དེའི་དགོང་མོར་མཁའ་དབྱིངས་སུ་ཟླ་བ་དང་སྐར་མ་གང་ཡང་མེད་པས་སྨག་ཧ་ཅང་ནག ཁོས་ནུབ་ཚ་བསྐོལ་ནས་རྒྱགས་ཚད་ཅིག་འཐུང་ཞིང་དུས་ཚོད་ལ་ལྟ་དུས་ཧ་ལམ་ཆུ་ཚོད་བཅུ་གཅིག་ཡོལ་ལ་ཉེ། ཇ་འཐུང་རྒྱུ་མང་དྲགས་པའམ་ཅི་ཡིན་མི་ཤེས་མོད་ཁོ་ཆབ་གསང་དུ་འགྲོ་དགོས་པའི་སྣང་བ་ཞིག་སྐྱེས། ལག་སྒྲོན་བཟུང་ནས་སྒོའི་ཕྱིར་བུད་དེ་ལྟ་དུས། ད་གཟོད་ཁང་པའི་ཕྱི་རོལ་དུ་ཁ་བ་སྟུག་པོ་ཞིག་འཚམས་མེད་དུ་འབབ་བཞིན་པ་གཞི་ནས་ཤེས། ཁོས་རང་དབང་མེད་པར་གྲང་འདར་ཞིག་བརྒྱབ་ཅིང་མགོ་བོ་གཡང་ཤམས་བྱས་ནས་གྱོན་པའི་སློག་པ་རལ་བོ་དེའི་གོང་བས་བཏུམས་ནས་ཕྱིར་ཁྱིམ་དུ་ལོག། ཁོས་སྒོའི་ཕྱིར་གཅིན་པ་གཏོང་དུ་འགྲོ་རྒྱུ་དེ་ནི་ཇི་འདྲའི་དཀའ་ཁག་ཆེ་བ་ཞིག་རེད་སྙམ་བཞིན་ཚ་ཐབ་སྟེང་དུ་བགོམ་ནས་ཉལ་བར་བརྩམས། ཡིན་ནའང་ལྟ་ཕྱོགས་ཤིག་གིས་ཁོས་ཁང་བའི་མ་སྦུག་ན་བཞག་པའི་ཆབ་ཏོག་རིག། དེ་མ་ཐག་སེམས་སུ་དགའ་སྤྲོ་ཞིག་སྐྱེས་ཤིང་ཆབ་ཏོག་ནང་དུ་གཅིན་གཏོང་དུ་སོང་།
ཆབ་ཏོག་ལག་ཏུ་འཛིན་དུས། ཏག་ཏག་མདང་དགོང་བཏང་བའི་གཅིན་ད་དུང་ཕྱིར་འཕོ་མེད་པ་ཚོར་ལ། ཆབ་ཏོག་ནང་དུ་གཅིན་གྱིས་ཡོངས་སུ་བཀང་ནས་རང་འགུལ་ཕྱིར་དབོ་ལ་ཉེ། ད་ནི་ངེས་པར་ཆབ་ཏོག་ནང་གི་གཅིན་ཕྱིར་འབོ་དགོས། ཡིན་ནའང་སྒོ་ཕྱིའི་ཙག་ནི་ཤིན་ཏུ་ཆེ་བས་ཁོའི་སེམས་སུ་ཁང་པའི་དྲྭ་སྒེའུ་ལས་གཅིན་པ་སྒོ་ཕྱིར་དབོ་ན་སྟབས་བདེ་བར་འདོད། ཆབ་ཏོག་ཁྱེར་ནས་སྒེའུ་ཁུང་འགྲམ་སོང་སྟེ་དྲ་མ་ཕྱེ་བར་རྩོམ་དུས། གློ་བུར་དུ་ཁོའི་མིག་མདུན་གྱི་སྨག་ནག་པའི་མུན་ཁྲོད་ནས་ལག་པ་ཞིག་ཚུར་བསྲིངས་ཡོང་། ཁོ་རེ་ཞིག་བླ་འཁྱམ་པ་ལྟར་ཧོན་ཐོར་ནས་ལངས་ཏེ་ལུས་ཤིང་དེ་ནས་ལག་གི་ཆབ་ཏོག་སྒོ་ཕྱིར་གཡུག་ཏེ་སྐྲག་མ་དངངས་ཀྱིས་ཐང་ལ་འགྱེལ། དེ་ནས་ཡང་ངུ་མ་འབོད་ཅིག་བྱས་ཏེ་ཚ་ཐབ་ཀྱི་ཕྱོགས་སུ་གོག་མ་ནུར་གྱིས་བྲོས།
སྒོའི་ཕྱི་རོལ་ནས"ཨ་ཡོ་ཨ་ཡོ། ངའི་མགོ་རྡོག་གོ་གསེས་དང་ཐལ"ཟེར་བའི་སྒྲ་ཞིག་གྲགས་ཤིང་། ཡུད་ཙམ་ནས་ཁྱིམ་དུ་མི་ཞིག་འཛུལ་ཡོང་། ཁོས་ཞིབ་ཏུ་ལྟ་དུས་དེ་ནི་རང་གི་ཆང་གྲོགས་སྐྱབས་ལོ་རྐྱལ་ཁ་ཡིན་པ་ཤེས། ཁོའི་མིད་པའི་ཁར་བཙངས་བའི་སྙིང་རེ་ཞིག་ལྷོད་དུ་བབས། ཡིན་ནའང་ཁོ་གཉིས་ལ་ཡར་མར་གྱི་ཁ་བརྡ་ཅི་ཡང་མེད་པར་གྱུར་བས་ཅུང་ཙམ་མགོར་རྗེས་སྐྱབས་ལོ་རྐྱལ་ཁ་ཕྱིར་ཡུལ་ལ་བུད་སོང་།
མ་གཞི་དགོང་མོ་དེར་སྐྱབས་ལོ་རྐྱལ་ཁས་ཚེ་རིང་ཚར་མགོ་ཚང་གི་ཁང་བའི་གློག་འོད་གཟིམ་མེད་པ་རིག་ནས་གོ་བཞུགས་ལ་སོང་སྟེ་ཆང་རེ་ཨེ་རེག་བལྟ་སྙམ་བཞིན། སྒེའུ་ཁུང་གི་ཕྱི་རུ་སླེབས་དུས་ཚེ་རིང་ཚར་མགོས་དྲ་མ་ཕྱེས་ནས་གཅིན་འབོ་བར་རྩོམ་པ་དང་ཁེལ་ཞིང་སེམས་སུ་ངན་ཞིག་བཅངས་ཏེ་བསམ་གཟས་ནས་ལག་པ་དེའི་ཕྱོགས་སུ་བསྲིངས་བ་ན། དོགས་ཟོན་ཅི་ཡང་མེད་པའི་ཚེ་རིང་ཚར་མགོ་ནི་སྐྲག་སྣང་ཆེན་པོས་སྐད་ངན་དང་བཅས་གོང་གི་དགོད་བྲོ་བའི་དོན་དག་འདི་བྱུང་བ་རེད། ཉིན་དེའི་དགོང་མོ་ནས་བཟུང་ཚེ་རིང་ཚར་མགོ་ལ་ཚ་བརྒྱབ་ཅིང་མགོ་ན་བ། སྐྱུག་མེར་ལངས་བ་སོགས་ཅི་ཡིན་མི་ཤེས་པའི་ནད་ཡ་ང་བ་ཞིག་བྱུང་། ཕྱི་ཉིན་ཁོའི་ཆུང་མའང་ཕྱིར་ཁྱིམ་དུ་ལོགས།
ཉིན་འགའ་འགོར་སོང་། ཚེ་རིང་ཚར་མགོའི་ནད་ཇེ་སྡུག་ཏུ་གྱུར་བ་ལས་སངས་བའི་རྟགས་ནི་ཏིལ་འབྲུ་ཙམ་ཡང་མེད་པར་གྱུར། ཁོའི་ཆུང་མ་བྱ་ཐབས་ཟད་ནས་ཕྱུགས་རྣམས་ཁྱིམ་མཚེས་ལ་བཅོལ་ཏེ་རྫོང་དུ་ཁོ་སྨན་པར་བསྟེན་དུ་སོང་། རྫོང་སྨན་ཁང་གིས་དགོས་མི་དགོས་ཀྱི་བརྟག་དཔྱད་ལུང་བ་གང་བྱས་ཤིང་། སྨན་པས་བརྟག་དཔྱད་ནད་ཐོ་ཚང་མའི་ངོས་སུ་རྒྱུན་ལྡན་རེད་ཟེར་བ་ལས་ནད་རྟགས་ཅི་ཡང་བྲིས་མེད་པ་རིག་ནས་ཁྱོད་རྒྱུན་ལྡན་རེད། ནད་ཅི་ཡང་མི་འདུག་ཟེར་བ་ལས་དོན་ངོ་མར་ནད་ཅི་ཞིག་ཡིན་པ་གཏན་ནས་མ་ཚོར། དེ་ནས་ཁོའི་ཆུང་མས་རང་གི་དགོན་པའི་བླ་མ་ཨ་ལག་ཡོངས་འཛིན་ཚང་ལ་ཞུ་དུས། ཁོང་གིས་དེ་ནི་ཧ་ལམ་དོན་དག་དང་བྱ་དངོས་གང་རུང་ཞིག་ལ་ཁག་བཞག་པ་འདྲ་ཟེར་ཞིང་བཅའ་བ་རིམ་འགྲོའི་སྐོར་ནས་འགའ་ཤས་གསུངས། ཁོའི་ཆུང་མས་དགོན་པ་འགར་བཅའ་བ་དེ་དག་གཏད་ཅིང་ཡུན་རིང་མ་འགོར་ཡོངས་སུ་གྲུབ། སྐབས་དེར་ཚེ་རིང་ཚར་མགོའི་ངོ་མདངས་ཀྱང་ཅུང་ཇེ་བཟང་དུ་སོང་།
ཉིན་བཅུ་ཕྲག་ལྷག་གི་རྗེས་སུ། སྐྱབས་ལོ་རྐྱལ་ཁ་སླར་ཡང་ཁོ་ཚང་ལ་རུ་ཉུལ་དུ་ཡོང་ཞིང་ཚེ་རིང་ཚར་མགོ་དང་མཉམ་དུ་ཁ་བརྡ་གློད། མཚན་མོ་དེར་སྐྱབས་ལོ་རྐྱལ་ཁ་ཕྱིར་ཁྱིམ་དུ་ལོག་རྗེས། ལུས་སྟེང་དུ་ཚེ་རིང་ཚར་མགོའི་གཅིན་འབོ་བའི་དབང་གིས་ཁོ་ལ་ཡང་རྣམ་རྟོག་ལྷག་མ་ཞིག་སྐྱེས་ནས་ཉིན་འགའ་ལ་རྣམ་རིག་མག་མོག་ཏུ་གྱུར་ཅིང་ཟ་ས་འཐུང་སའི་ཡི་གའང་མེད་པར་གྱུར། ཁོས་ད་དུང་རང་གི་ན་སྟངས་ཀྱི་བརྒྱུད་རིམ་ཆ་ཆང་སྦ་གསང་མེད་པར་ཚེ་རིང་ཚར་མགོ་ལ་བཤད་པ་ན། ཚེ་རིང་ཚར་མགོས་ཀྱང་ཁོ་དང་རང་ཉིད་ཀྱི་ན་སྟངས་གཅིག་མཚུངས་ཡིན་ཞིང་རང་ཉིད་རྣམ་རྟོག་གི་དབང་གིས་ན་ཚ་བྱུང་ནས་མལ་སར་ལྷུང་བ་ཤེས། ཁོ་གཉིས་ཀྱིས་ཉིན་དེའི་ཉི་མ་རི་རྩེར་འཕགས་པ་ནས་ཚང་དུ་ལོག་པའི་བར་དུ་ཇ་འཐུང་ཞོར་དང་མཚན་མོ་དེའི་བྱ་བའི་མགོ་རྔ་ཐམས་ཅད་མ་ལུས་པར་ལབ་གླེང་བྱས་པས། ཚེ་རིང་ཚར་མགོའི་ཆུང་མ་ཡང་དགོད་ཁ་གཏིང་ནས་ཤོར།
ཉིན་དེའི་ཕྱི་ཉིན་ནས་བཟུང་ཚེ་རིང་ཚར་མགོའི་ནད་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་གྱུར་ལ། ཁོས་ཆུང་མའི་དཀའ་སྡུག་ཚོར་བའམ་ཕ་མའི་བཀའ་དྲིན་ཤེས་པ་གང་ཡིན་མི་ཤེས་མོད། སྔོན་ཆད་དང་གཏན་ནས་མི་འདྲ་བར་མི་གཞན་ཞིག་ཏུ་གྱུར་ཏེ་སྔར་གྱི་སྒྱིད་ལུག་གི་ཆབ་ཏོག་མེད་པར་བྱས་ཤིང་ཨ་ལགས་ཡོངས་འཛིན་ཚང་གི་སྐུ་མདུན་ནས་ཆང་ངམ་སྨྱོ་ཆུ་ཡང་བཅད། དུས་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ཆུང་མ་དང་མཉམ་དུ་ཕྱུགས་རྫི་དང་ལས་ཀ་གང་ལ་ཡང་མ་སྐུལ་དང་བླངས་ཀྱིས་འགྲོ་བས། ཁྱིམ་གྱི་ཆ་རྐྱེན་ཇེ་ལེགས་དང་རུ་ཁ་ཁྱིམ་མཚེས་ཀྱི་མི་ཐམས་ཅད་ལེགས་པའི་གདེང་འཇོག་ཀྱང་མི་དམན་པ་ཐོབ་ལ། སྡེ་བའི་ནང་གི་ཁ་མིག་ཡར་ལྟ་བྱེད་སའི་ཚབ་མཚོན་མི་སྣ་ཞིག་ཏུ་གྱུར་ཏོ།།
རྩོམ་གསར། 10