ང་ལ་རྨི་ལམ་ཞིག་ཡོད།

བསམ་གཏན།        2022-04-21

སྤྱིར་ང་ཚོ་འགྲོ་བ་མི་སུ་དང་སུ་ཞིག་ཡིན་ཡང་།རང་ཉིད་ལ་དབང་བའི་རྨི་ལམ་གང་རུང་ཞིག་ཡོད་ཆོག་ཆོག་ཡིན།ང་རང་ཉིད་ལའང་རྨི་ལམ་སྣ་ཚོགས་ཡོད་མྱོང་།

ང་རང་གི་རྨི་ལམ་དང་པོ་ནི་སྨན་པ་ཞིག་བྱ་རྒྱུ་དེ་ཡིན། རྨི་ལམ་དེ་འདྲ་ཞིག་ཡོད་པའི་རྒྱུ་མཚན་ནི། སློབ་ཆུངསྐབས་ཀྱི་ཉིན་ཞིག་ལ།བདག་ལ་ནད་ལྗིད་མོ་ཞིག་ཕོག་ནས་སྨན་ཁང་ནང་དུ་སོང་རྗེས་བདག་ལ་སྨན་བཅོས་བྱེད་མཁན་ནི་སྨན་པ་སེམས་བཟང་ཅན་ཞིག་ཡིན་ལ། མོས་བྱམས་བརྩེ་ལྡན་པའི་ངང་ནས་བདག་ལ་ནད་བཅོས་བྱས་བྱུང་། ཁོ་མོའི་ལག་རྩལ་ཧ་ཅང་བཟང་། གཟའ་འཁོར་གཅིག་ཙམ་སྨན་ཁང་དུ་བསྡད་རྗེས་ནད་དྲག་སྟེ་ཁྱིམ་དུ་ལོག་པ་ཡིན། ཁྱིམ་དུ་ལོག་རྗེས་ངའི་སེམས་ལ་སྨན་པ་ནི་ཅི་འདྲའི་རླབས་ཆེ་བའི་མི་ཞིག་རེད་ཨང་སྙམ། གལ་ཏེ་ཁོང་ཚོ་མེད་ན། མི་རྣམས་ན་ཚའི་སྡུག་བསྔལ་ལས་ཐར་ཐབས་བྲལ་བ་རེད། དེའི་རྐྱེན་གྱིས་བདག་ཀྱང་སྨན་པ་ཞིག་བྱེད་བསམ་པའི་རྨི་ལམ་ཞིག་ཡོད་མྱོང་།

རྨི་ལམ་གཉིས་པ་ནི་མདོ་འཛིན་པ་ཞིག་བྱ་རྒྱུ་དེ་ཡིན། རྨི་ལམ་འདི་ཡོད་དོན་ནི། དུས་རྒྱུན་ང་རང་གིས་བརྙན་འཕྲིན་ལ་ལྟ་སྐབས་སུ་མདོ་འཛིན་པ་ཚོས་སྐད་ངག་སྙན་མོ་དང་འཛུམ་ཆུང་རབ་ཏུ་གྲོལ་བའི་ངང་ནས་མདོ་འཛིན་བྱེད་པར་མ་ཟད། ད་དུང་ཁོ་ཚོའི་སྐད་ངག་དང་འཛུམ་གདོང་གིས་མི་རྣམས་ལ་བདེ་སྐྱིད་སྐྲུན་བཞིན་འདུག།

དེའི་རྐྱེན་གྱིས་ངའི་སེམས་སུ་མདོ་འཛིན་པ་ཞིག་བྱ་རྒྱུ་ནི་བྱ་བ་ཅི་འདྲའི་སྐྱིད་པོ་ཞིག་རེད་ཨང་བསམས་པས། བདག་ནར་སོན་རྗེས་མདོ་འཛིན་པ་ཞིག་བྱ་དགོས་བསམ་བྱུང་།

འོན་ཀྱང་།ད་ལྟ་ང་རང་གིས་རྨི་ལམ་འདི་གཉིས་མངོན་འགྱུར་བྱུང་ཨེ་ཐུབ་བསམ་གྱིན་མེད། རྒྱུ་མཚན་ནི་ད་ལྟ་ང་རང་ལ་མཚོན་ན་མཐོ་རྒྱུགས་ལས་རྒྱལ་རྒྱུ་དེ་ནི་ངའི་ཆེས་གཙོ་བོའི་ནང་གི་རྨི་ལམ་ཞིག་ཏུ་གྱུར་ཡོད།

ངའི་རྨི་ལམ་གྱི་ཐོག་མ་ནི་མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་ཏེ་སློབ་གྲྭ་ཆེན་མོ་ཚད་ལྡན་ཞིག་ལ་རྒྱུགས་འཕྲོད་རྒྱུ་དེ་ཡིན། ངས་རྨི་ལམ་འདི་དག་སེམས་སུ་བཅངས་ཏེ། དུས་ད་ལྟ་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་དེ་ཡིན་ནོ། །



  • ལེ་ཚན་སྔོན་མ།:མགྱོགས་བྲིས་ཁག་དྲུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།