བསང་། 2022-04-15
༼ སྒྲུང་ཐུང་ཡིག་བརྒྱ་མ།༽
འདི་ནི་ཁོ་མོ་རང་ཁྱིམ་ལ་མ་ལོག་པའི་ལོ་གཉིས་པ་ཡིན། ལོ་གཉིས་པོ་འདིའི་རིང་ལ། བཟང་འཛོམས་ཀྱི་ཨ་མས་བཟང་འཛོམས་ལ་འཕྲིན་ཡིག་མ་བསྐུར་བའི་ཉིན་གཅིག་མེད་ལ། བཟང་འཛོམས་ཀྱིས་ཀྱང་ལོ་སྔ་མ་དག་ལ་འཕྲིན་ལན་མ་བསྐུར་བའི་ཉིན་མེད། ཟླ་འགའི་སྔོན་ལ་བཟང་འཛོམས་ཀྱི་གྲོགས་མོ་འགའ་ངོ་ཤེས་ཤིང་། ཁོ་ཚོ་ཧ་ཅང་མཐུན་པར་གྱུར་ཏེ་མཉམ་འགྲོ་མཉམ་འདུག་བྱེད་པར་གོམས། ཉིན་དེ་ནས་བཟུང་ཁོ་མོའི་ཨ་མར་འཕྲིན་ལན་འབྲི་རྒྱུ་ཆད་མོད། ཨ་མའི་སྔར་བཞིན་འཕྲིན་ཡིག་མ་བསྐུར་ཉིན་མེད། ཉེ་སྔོན་ནས་ཁོ་ཚོ་མཚན་མོརKTVཞེས་པ་གླུ་ལེན་ས་ཞིག་ལ་སོང་ནས་ཡུན་རིང་མལ་ཁང་དུ་ལོག་མི་ཐུབ་པས་ཁོ་མོར་ཨ་མའི་འཕྲིན་ཡིག་ལ་བལྟ་བའི་ཁོམ་ལོང་ཡང་མ་བྱུང་། ད་ནི་ཉིན་ལྔ་འགོར་སོང་། ཨ་མའི་འཕྲིན་ཡིག་མ་ཐོན་ནས་ཉིན་ལྔ་འགོར་སོང་། ཁོ་མོར་ཅུང་དོགས་མི་བདེ་བར་གྱུར་ཏེ་གྲོགས་མོ་ཚོར་“ང་དེ་རིང་མི་འགྲོ། ཁྱེད་ཚོ་སྐྱིད་པོ་ཞིག་རྩེས།”ཞེས་མཉམ་དུ་འགྲོ་འདོད་མ་བྱུང་བར་ཁང་མིག་ཏུ་བསྡད། ཁོ་མོ་ཡུན་རིང་ཁེར་རྐྱང་དུ་མ་བསྡད་པས། སུན་སྣང་གིས་ཁེངས་ཏེ་ཨ་མའི་འཕྲིན་ཡིག་དག་ལ་ཀློག་འགོ་རྩོམ།
“འཕྲིན་ཡིག་ཟླ་བཞི་པའི་ཚེས་དྲུག་ཉིན།
བཟང་འཛོམས། ཉེ་བའི་ཉིན་འདི་དག་གི་རིང་ལ་ངས་འུ་ཚང་མདུན་ཕྱོགས་ཀྱི་ཨ་ཁུ་བསོད་ནམས་ཚང་གི་ཟ་ཁང་དུ་ཞབས་ཞུ་སྒྲུབ་ཀྱིན་ཡོད་པས། ངས་ཁྱོད་ལ་ཉེ་སྔོན་ལས་སྒོར་མོ་ཅུང་མང་རེ་བསྐུར་ཐུབ་རྒྱུ་རེད། ཁྱོད་ཀྱི་སློབ་སྦྱོང་བྱེད་པ་ག་འདྲ་རེད། སློབ་སྦྱོང་ལ་ཤུགས་ཧ་ཅང་བྱེད་མི་དགོས། ཁྱོད་ཀྱི་ལུས་ཕུང་ཞན་པས་ལུས་ཀྱི་མི་ལྕོགས། བཟང་འཛོམས་ད་ནི་ལོ་གཅིག་ལྷག་འདས་ཟིན་པས་ཁོམ་ལོང་རེ་ཡོད་ཚེ་ཕྱིར་ཡོང་རྒྱུ་མ་བརྗེད། ཨོ། ངས་ད་དུང་འུ་ཚང་གི་ས་ཞིང་གྲུ་བཞི་དེ་བཙོང་བས་ཁྱོད་ཀྱི་མལ་ཁང་དུ་དྲོད་གློག་ཞིག་ཀྱང་ཉོ་ཐུབ་ཡོད། དེ་ནི་ཁྱོད་ཀྱི་བློར་བབ་ཁོ་ཐག་ཡིན། གཞན་ལྷག་མ་སྒོར་འགའ་དེ་ཁྱོད་ལ་བསྐུར་ཡོད། ད་ནི་ངས་མང་པོ་མི་བཤད། རང་ལུས་ལ་བདག་གཅེས་བྱ་རྒྱུ་མ་བརྗེད།
ཨ་མ་ནས།”
ཁོ་མོས་འཕྲིན་ཡིག་དེ་བཀླགས་རྗེས་རི་ལུང་མང་དུ་བཅད་པས་རང་ཉིད་ཀྱི་བྱ་སྤྱོད་དང་། ཨ་མས་བཟུང་བའི་ལྟ་སྟངས་དང་རེ་བ་སོགས་ཡིད་ལ་དྲན་དུས་ནང་སེམས་ཅུང་མི་བདེ་བར་གྱུར་མོད། སྔར་ལྟར་འཕྲིན་ཡིག་ཞེན་ཆགས་པས་རེ་རེ་བཞིན། མོས་ཀློག་གིན་ཀློག་གིན་མིག་ཆུ་བཞུར་ཞིང་སྙིང་རྩ་འདར། དཔའ་ཞུམ་པར་གྱུར་ཞིང་མཁུན་སྒྲ་སྒྲོག མོར་ཅི་བྱ་གཏོལ་མེད་དུ་གྱུར་ནས། མིག་ཆུ་འབྱིད་ཞོར་འཕྲིན་ཡིག་ལ་མི་ལྟ་ཀ་མེད་བྱུང་། རེ་རེ་བཞིན་ཆེས་མཇུག་མཐའི་འཕྲིན་ཡིག་ལ་ཁེལ་འདུག། དེའི་ཁ་བྱང་ལ་འཕྲིན་ཡིག་ཅེས་བྲིས་མེད་པར་“བདེ་མོ། ཟླ་བདུན་པའི་ཚེས་བཅུ”ཞེས་བྲིས་འདུག དེ་དང་ལྷན་དུ་ཡིག་ཆ་འགའ་ཡང་ཡོད། ཁོ་མོས་ཁ་བྱང་དེ་མཐོང་རྗེས་ཁ་འབྱེད་པའི་སྤོབས་པ་རྩ་བ་ནས་བཅོམ།།
རྩོམ་གསར། 10