དྲན་ཤེས་མེ་ལོང་ངོས་སུ་འཆར་བའི་འབའ་ཐང་ཨ་ཅེ་ལྷ་མོ་འཁྲབ་སྟོན།

ལྷ་འཛོམས་ཀྱིས་བྲིས།        2022-04-15

དྲན་ཤེས་མེ་ལོང་ངོས་སུ་འཆར་བའི་འབའ་ཐང་ཨ་ཅེ་ལྷ་མོ་འཁྲབ་སྟོན།

རྡིང་རྡིང་རྡིང་ཞེས་འཁྲབ་རྔ་རྡུང་བའི་རོལ་དབྱངས་དཀྲོལ་བ་དང་ལྷན་དུ་ཨ་ཅེ་ལྷ་མོ་འཁྲབ་པའི་སྟངས་སྟབས་སྣ་ཚོགས་ཆུང་དུས་ནས་ད་བར་གུས་མོ་བདག་གི་རྣམ་ཤེས་ཀྱི་གུར་ཁང་དུ་བརྟན་པོར་ཟུག་ཅིང་དྲན་ཤེས་ཀྱི་མེ་ལོང་གི་ངོས་སུ་ལྷམ་མེར་འཆར་བ་དང་། ཁོ་མོས་ནམ་ཡང་ཕ་ཡུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་འདི་ལ་དད་གུས་དང་དགའ་ཞེན་ཐུན་མོང་མ་ཡིན་པ་ཞིག་བཅངས་དང་འཆང་བཞིན་ཡོད།

ཀ།

སྤྱི་ཟླ་དགུ་པ་ནི་ཏག་ཏག་བོད་ཟླ་བརྒྱད་པ་ལ་ཁེལ་བའི་འབའ་ཐང་གི་ལོ་གཅིག་ནང་གི་དུས་ཚིགས་ཡག་ཤོས་ཡིན་པ་རེད། དེའི་དུས་ཤིང་ཏོག་སྣ་ཚོགས་ཀྱི་འབྲས་བུ་སྨིན་ནས་དྲི་ཞིམ་གང་སར་འཐུལ་ཞིང་། མཐོ་སྒང་གི་ནོར་བུ་ས་ཆ་ཞེས་པའི་མཚན་སྙན་གྱི་ཁྱད་ཆོས་མངོན་གྱི་ཡོད། དུས་དེར་ཨ་ཅེ་ལྷ་མོ་འཁྲབ་པའི་དུས་ཚོད་ལ་སླེབས་པས། ང་རང་ཡང་འབའ་ཐང་རྫོང་མཁར་ནས་ཐག་མི་རིང་བའི་ཉ་ཆུང་སྟེང་ཞེས་པའི་སྤང་ཐང་གཡུ་ཡི་གཞུང་པ་འདྲ་བ་ཞིག་ཡོད་པའི་སར་དབྱར་གནས་ལྟ་ས་འགྲོ་རྒྱུར་རེ་སྒུག་ཆེན་པོ་བྱས་མྱོང་། ཨ་ཅེ་ལྷ་མོ་འཁྲབ་སྟོན་གྱི་ནང་དོན་མི་གོ་ན་ཡང་དབྱར་གནས་དུས་ཆེན་ཤར་དུས་འགྲོ་འདོད་ཤིན་ཏུ་ཆེན་པོ་ལངས་ཤིང་། གལ་སྲིད་དབྱར་གནས་ལྟ་སར་འགྲོ་མ་ཐུབ་ན་ལོ་དེར་འགྱོད་སེམས་ཆེན་པོ་སྐྱེས། ཨ་ཡེ་ལོ་ན་ཆེ་ཞིང་སྐྱོར་མཁན་མི་ཞིག་དགོས་པས་གཟི་བརྗིད་ཀྱི་ལས་འགན་དེའང་ན་ཆུང་གི་བུ་མོ་ང་ལ་ལྷུང་བ་རེད། ན་ཆུང་གྲོགས་པོ་ཚང་མ་ཉ་ཆུང་སྟེང་དུ་འཛོམས་ནས་རྩེད་མོ་རོལ་པའི་སྐབས་སུ་ང་རང་གིས་འཁྲབ་ཚན་གྱི་དོན་མི་གོ་ནའང་ཉིན་གང་བོར་ཨ་ཡེ་དང་མཉམ་དུ་ལྷ་མོ་འཁྲབ་སྟོན་ལ་མ་ལྟ་ཁག་མེད་གྱུར། དུས་རྒྱུན་དུ་ཨ་ཡེའི་འཁྲབ་ཚན་སྐོར་གྱི་འགྲེལ་བཤད་ཞིབ་ཅིང་སྙན་པར་ཉན་ནས་ལྷ་སྒྲུང་དང་རྒྱལ་རབས་གོ་ཐོས་བྱུང་རྗེས་ང་རང་ཡང་རིམ་བཞིན་ལྷ་མོ་འཁྲབ་སྟོན་ལ་ལྟ་ཉན་སྤྲོ་བར་གྱུར།

འབའ་ཐང་དུ་ལོ་རེར་ལྷ་མོ་ཐེངས་གཉིས་འཁྲབ་པ་སྟེ། བོད་ཟླ་ལྔ་པར་དབྱར་ཤར་བའི་དུས་སུ་དབྱར་བསུ་ནང་དོན་གྱི་ལྷ་མོ་ཐེངས་གཅིག་འཁྲབ་པ་དང་སྤྱི་ཟླ་བརྒྱད་པར་དབྱར་གནས་དུས་ཆེན་ནང་ལྷ་མོ་ཐེངས་གཅིག་འཁྲབ་པ་དེ་ནས་དབྱར་སྐྱེལ་སྟོན་བསུ་དོན་ལ་གོ་དགོས། དུས་ཆེན་དེ་གཉིས་ཆིང་རྒྱལ་རབས་ཀྱི་དུས་འགོ་ལ་དར་ནས་ད་བར་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པ་དང་ལྷག་པར་དུ་དབྱར་གནས་དུས་ཆེན་དེ་ལས་གཟབ་རྒྱས་ཆེན་པོ་སྤེལ་བ་རེད། གང་ལྟར་ཨ་ཅེ་ལྷ་མོ་འཁྲབ་པ་དེ་ལ་བོད་བརྒྱུད་ནང་བསྟན་གྱི་འབྱུང་ཁུངས་གཏིང་ཟབ་པོ་ཡོད་ཅིང་། ལོ་ལྟར་གྱི་དུས་ཆེན་གཉིས་རིང་རྫོང་མཁར་ནུབ་འདབས་ཀྱི་སྤྲོ་གསེང་གནས་མཆོག་ཉ་ཆུང་སྟེང་དུ་འབའ་ཐང་ཆོས་སྡེ་དགོན་གྱི་དགེ་འདུན་པ་ཚོ་འཛོམས་ནས་དབྱར་བསུ་དབྱར་སྐྱེལ་གྱི་ཆོ་ག་སྤེལ་སྲོལ་ཡོད་ཅིང་། དུས་དེར་ཨ་ཅེ་ལྷ་མོ་ཚོགས་པས་འཁྲབ་སྟོན་གྱི་རྒྱན་གོས་གྱོན་ནས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཀྱི་ཡོད། ནམ་དུས་དབྱར་བསུ་དུས་ཆེན་ནང་ཨ་ཅེ་ལྷ་མོ་ཉིན་གསུམ་འཁྲབ་ཀྱིན་ཡོད་པ་དང་དབྱར་གནས་དུས་ཆེན་སྐབས་ཨ་ཅེ་ལྷ་མོ་ཉིན་བདུན་འཁྲབ་ཀྱིན་ཡོད། ཡང་སྒོས་སུ་འབའ་ཐང་བས་དབྱར་གནས་དུས་ཆེན་ལ་མཐོང་ཆེན་བྱེད་ཚད་དེ་དཔྱིད་གསར་དུས་ཆེན་ལས་མི་དམན་པ་རེད། ནམ་དུས་དབྱར་གནས་དུས་སུ་ཉ་ཆུང་སྟེང་དུ་གུར་སྤྲིན་དཀར་གྱི་ཚོམ་བུ་བཞིན་ཕུབ་ནས་ཡོད། སོ་སོའི་ཁྱིམ་ཚང་དུ་ཁྱིམ་སྲུང་མི་གཅིག་སྐོར་རེས་བྱས་ནས་བཞག་སྟེ་དེ་མིན་ཚང་མ་ལྷ་མོ་འཁྲབ་སྟོན་ལ་ལྟ་རུ་འགྲོ་ངེས། དེ་དང་ཆབས་ཅིག་འབའ་གཞས་འཁྲབ་པ་སོགས་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་ཡང་སྤེལ་ཏེ། ལོ་གཅིག་ལ་དུས་བདེ་ཞོད་འཇགས་དང་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་པ་རེད།

དབྱར་གནས་དུས་ཆེན་ཤར་གྲབས་ཡོད་པའི་སྐབས་སུ་ཁྱིམ་ཚང་ཁག་གིས་མི་སྟོབས་ཤུགས་ཆེ་ལ་ངལ་རྩོལ་ནུས་པ་ཆེན་པོ་འགའ་མངགས་ནས་ཉ་ཆུང་སྟེང་དུ་རྩྭ་རྔ་བ་དང་ས་ཁོད་བདེ་སྙོམས་བྱས་རྗེས། རང་རང་ལ་སྤྱོད་དབང་ཡོད་པའི་གུར་ཕུབ་སར་གུར་དབུབ་བའི་གྲ་སྒྲིག་ལས་ལ་བྲེལ་བ་རེད། དབྱར་གནས་དུས་ཆེན་གྱི་ཉིན་དང་པོར་ཡར་འདུས་ཞེས་བརྗོད་ཀྱི་ཡོད། ཉིན་དེར་མི་ཚང་མ་ཉ་ཆུང་སྟེང་དུ་འཛོམས་ཤིང་། གུར་གྱི་ཚོང་ཁང་དང་ས་ཐོག་འགྲེམས་ཚོང་བཙུགས་མཁན་མང་ལ། ཕྱོགས་བཞི་མཚམས་བརྒྱད་ནས་རྩེད་མོའི་རིགས་སྣ་ཚོགས་སྤེལ་མཁན་ཡང་དེ་དང་བསྟུན་ནས་སྔ་ཚེ་ནས་སླེབས་ཟིན། ང་ཚོ་བྱིས་པ་ཚོ་སྐབས་དེ་དུས་འདྲ་བའི་སྐྱིད་ཅིག་མེད་དེ། ཁ་ཟས་ཞིམ་པོ་སྣ་ཚོགས་ཟ་ཞོར་ལྟད་མོ་སྣ་ཚོགས་ལ་ལྟ་རྒྱུ་རག་པ་དང་། རྩེད་མོ་རིགས་མང་པོ་ཡང་རྩེ་རྒྱུ་རག། མཚན་མོར་ཉ་ཆུང་སྟེང་གི་གུར་བརྒྱ་ཕྲག་གློག་གིས་གསལ་བས་ནམ་མཁའི་སྐར་ཚོགས་བཞིན་ལྟ་ན་སྡུག། ང་ཚོ་ཨ་མྱེ་དང་ཨ་ཡེ་ཚོའི་མལ་རུམ་དུ་གཉིད་དུ་ཡེར་བ་དང་རྨི་ལམ་ཐམས་ཅད་འགྱུར་ཁུགས་སྙན་ཞིང་འཇེབས་པའི་ལྷ་མོའི་འཁྲབ་ངག་དང་འཁྲབ་རྔ། འཁྲབ་ཉམས་ཀྱིས་ཡོངས་སུ་ཁེངས།

ཡར་འདུས་ཕྱི་ཉིན་ལ་ལྷ་མོ་དངོས་སུ་འཁྲབ་འགོ་ཚུགས། དང་ཐོག《བཀྲ་ཤིས་ཞོལ་བ》འཁྲབ་དགོས། དེ་ནི་ལྷ་མོའི་འཁྲབ་སྟོན་ནང་གི་ཆེས་གནའ་རབས་ཀྱི་ཟློས་གར་ཏེ་བཀྲ་ཤིས་རྟེན་འབྲེལ་བཟང་པོ་མཚོན་དོན་གཙོ་བོར་བྱས་ཡོད།

ལྷ་མོ་ཚོགས་པའི་གུར་ཆེན་པོ་དེ་ཉ་ཆུང་སྟེང་གི་ཐང་དཀྱིལ་དུ་ཕུབ་ཡོད་ལ། འཁྲབ་རྔ་གྲགས་པ་དང་ཆབས་ཅིག ལྷ་མོའི་ཟློས་གར་ཁང་གི་འབག་སྣ་ཚོགས་གྱོན་པའི་མི་སྣ་གཙོ་བོ་དང་འཁྲབ་མཁན་གཙོ་བོ་དང་། འཁྲབ་ཟུར་སོགས་གཅིག་རྗེས་གཉིས་མཐུད་ངང་གུར་རའི་ནང་ཐོན་མ་ཐག་སྐད་གསང་མཐོ་ལ་བརྗིད་པའི་ངག་གདངས་རིང་པོ་ཞིག་ལྟད་མོའི་ཁྲོད་དུ་གྲགས། དེའི་སྐབས་སུ་ལྟད་མོ་བ་ལ་ལས་རང་དབང་མེད་པར་དེའི་རྗེས་སུ་ངག་སྐྱོར་བ་དང་། ཨ་མ་རྒན་མོ་ཚོས་ཉན་འདོད་ཡོད་མེད་ལ་མི་ལྟ་བར་རང་གི་ཉེ་འགྲམ་གྱི་མི་ལ་ཟློས་གར་གྱི་ནང་དོན་འགྲེལ་བཤད་བྱེད་སྲིད། མི་ཁ་ཤས་ཀྱིས་གནའ་བོའི་གྱོན་ཆས་དང་འཁྲབ་ཆས་ལ་ལྟ་བ་དང་པར་ལེན་གྱི་ཡོད། ཨ་ཅེ་ལྷ་མོ་འཁྲབ་སྟོན་ནི་གཞས་དང་མི་འདྲ་སྟེ། འབའ་གཞས་ཁྱབ་གདལ་གཏོང་སླ་ཞིང་། ཡུལ་སྐོར་བས་ཀྱང་མཉམ་དུ་འཁྲབ་ཆོག། ཨ་ཅེ་ལྷ་མོ་འཁྲབ་སྟོན་ནི་ཕྱོགས་བསྡུས་རང་བཞིན་གྱི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཡིན་ཞིང་གནའ་བོའི་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཀྱང་ཡིན་པས། མུ་འབྲེལ་འཁྲབ་ཚན་དེའི་ནང་ལོ་རྒྱུས་དང་ཆོས་ལུགས། གཏམ་རྒྱུད། ལྷ་སྒྲུང་བཅས་མཉམ་བསྲེས་བྱས་ཡོད། ལྷ་མོ་འཁྲབ་པའི་ངག་ཚིག་ཡིག་སྐད་ཡིན་པས་མི་ཉུང་བ་ཞིག་གིས་ནང་དོན་གོ་དཀའ། ལོ་ཆུང་ན་གཞོན་ཕལ་ཆེར་དུས་ཡུན་རིང་པོ་སྡོད་ཚུགས་མེད་ལ། དུས་ཚོད་མང་ཤོས་ལྟད་མོ་གཞན་དག་དང་རྩེད་མོ་ལ་འཁོར་འགྲོ་བ་རེད། ལྷ་མོ་འཁྲབ་སྟོན་ལྟ་མཁན་མང་ཆེ་བ་ནི་ལོ་ན་མཐོ་བའི་བགྲེས་སོང་ངམ་ཡང་ན་བོད་སྐད་རྩོམ་རིག་ལ་ཞིབ་འཇུག་གཏིང་ཟབ་བྱེད་མཁན་ཤ་སྟག་ཡིན་པ་རེད།

དྲན་ཤེས་མེ་ལོང་ངོས་སུ་འཆར་བའི་འབའ་ཐང་ཨ་ཅེ་ལྷ་མོ་འཁྲབ་སྟོན།

ཁ།

ཨ་ཅེ་ལྷ་མོའི་འཁྲབ་སྟངས་མི་འདྲ་སྟེ། རྒྱལ་པོ་དང་བློན་ཆེན། བླ་མ། གྲྭ་པ། བྲམ་ཟེ་སོགས་ཕལ་ཆེར་རིགས་བཅོ་ལྔར་བགོས་ཡོད་པ་དང་། འཁྲབ་སྟོན་ནི་ངོ་མ་ཞིབ་ཅིང་འཚོ་བའི་ཉམས་འགྱུར་ཟབ་མོ་ལྡན་པས། མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གླུ་ངག་ནི་མིའི་འཁྲབ་སྟངས་ལ་གཞིགས་ནས་གླུ་གཏོང་སྟངས་རེ་ཡོད་ཅིང་། མི་སྣ་མི་འདྲ་བར་གླུའི་ངག་གདངས་ཀྱང་མི་འདྲ། གླུ་ངག་རེ་རེར་ངག་སྐྱོར་དགོས་པ་དང་། བརྩེ་དུང་མཚོན་པ་དང་དོན་དངོས་བརྗོད་པ། རྒྱུ་མཚན་བརྗོད་པ། དངོས་པོ་འབྲི་བ་སོགས་རིགས་བརྒྱ་ལྷག་ཡོད།

ལྷ་མོ་འཁྲབ་སྟོན་ནི་འབའ་གཞས་སྒྱུ་རྩལ་དང་མཉམ་དུ་འབའ་ཐང་གི་མིང་བྱང་སྐད་གྲགས་ཅན་གཉིས་ཀྱི་གྲས་ཤིག་ཡིན་ལ་སྲོལ་རྒྱུན་ཨ་ཅེ་ལྷ་མོའི་འཁྲབ་སྟངས་ཀྱི་ངག་རྒྱུན་དང་ལུས་རྒྱུན་རྒྱུན་བསྐྱངས་ནས་ལོ་ངོ་བཞི་བརྒྱ་ལྷག་སོང་ཡོད། རིག་གནས་འགུལ་སྦྱོང་གི་སྔོན་བྱོན་པ་དང་རྩོམ་རིག་པ།

ཟློས་གར་མཁས་ཅན་བཅས་ཡིན་པའི་སྐུ་ཞབས་ཞ་ཡན་གྱིས“གངས་རིའི་སྟེང་གི་མེ་ཏོག་དམར་པོ”ཞེས་བསྔགས་བརྗོད་ཆེན་པོ་གནང་ཡོད།

2008ལོའི་སྤྱི་ཟླ2ཚེས16ཉིན་འབའ་ཐང་ལྷ་མོ་འཁྲབ་སྟོན་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཚན་པ་གཉིས་པའི་གྲས་སུ་བཞག་པ་རེད།

སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་སྟོན་ལ་འཁྲབ་ཚན་ཆེན་པོ་བརྒྱད་ཡོད་པ་དེ་དག་ནི《ཆོས་རྒྱལ་ནོར་བཟང་།》དང་།《ག་ལ་དབང་པོ》(ཡང་ན《འགྲོ་བ་བཟང་མོ》ཡང་ཟེར།)《རྒྱ་བཟའ་ཀོང་ཇོ།》《གཟུགས་ཀྱི་ཉི་མ།》《བུ་མོ་སྣང་ས།》《དྲི་མེད་ཀུན་ལྡན།》《དོན་ཡོད་དོན་འགྲུབ།》《པད་མ་འོད་འབར།》ཡིན། འབའ་ཐང་གི་ལྷ་མོ་ཚོགས་པས་ལྷོ་རྒྱུད་ཨ་ཅེ་ལྷ་མོ་འཁྲབ་སྟངས་རྒྱུན་འཛིན་བྱས་ཤིང་། ལོ386གི་འཕེལ་རྒྱས་ཁྲོད་དམངས་ཁྲོད་ཀྱི་སྒྱུ་རྩལ་གཞན་དག་སྟེ་དཔེར་ན་གཞས་དང་བྲོ། རས་པ་སོགས་ཀྱི་སྒྱུ་རྩལ་ཡང་དེའི་ཁྲོད་མཉམ་དུ་བསྲེས་ཡོད་པས་ཆ་གཞན་དང་མི་འདྲ་བའི་སྒྱུ་རྩལ་གྱི་ཉམས་འགྱུར་ཞིག་ཆགས་ཡོད། འབའ་ཐང་ལྷ་མོ་ཚོགས་པ་ནི་ཞིང་པའི་ལས་ཞོར་འཁྲབ་སྟོན་པ་ལས་གྲུབ་ཅིང་། ཨ་ཅེ་ལྷ་མོ་འཁྲབ་ཚན་སྣ་ཁ་བརྒྱད་ཆ་ཚང་པོ་འཁྲབ་ཐུབ་ཀྱིན་ཡོད་པ་རེད།

འབའ་ཐང་རྫོང་གི་ནོར་ཤུགས་མི་འདང་བའི་དབང་གིས་དེ་སྔར་མ་དངུལ་ཉུང་ཤས་ལས་གཏོང་མི་ཐུབ་པས་འབའ་ཐང་ལྷ་མོ་ཚོགས་པའི་ཡོང་འབབ་གཙོ་བོ་ཞལ་འདེབས་ལ་བརྟེན་དགོས་ཀྱིན་ཡོད། 2012ལོ་ནས་བཟུང་རྫོང་ནོར་སྲིད་ཀྱིས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པའི་གླ་ཕོགས་ནོར་སྲིད་ཀྱི་སྔོན་རྩིས་ནང་བཞག་ནས་མི་རེར་ཟླ་རེར་སྒོར1300སྤྲད་པ་དང་ལོ་མཇུག་གི་ལས་འགན་ལེགས་གྲུབ་བྱ་དགའ་ཡང་སྤྲད་ཡོད། དེ་ནས་རིམ་བཞིན་ལྷ་མོ་ཚོགས་པ་ལས་ཞོར་ནས་ཆེད་ལས་རུ་ཁག་ཅིག་ཏུ་གྱུར་པ་རེད།

ལྷ་མོ་འཁྲབ་སྟོན་གྱི་སྐབས་སུ་ལས་ཁུངས་དང་མི་སྒེར་ཚང་མས་ཞལ་འདེབས་འབུལ་བའི་གོམས་སྲོལ་ཞིག་ངང་གིས་ཆགས་ཡོད། ལྷ་མོ་ཚོགས་པས་ཞལ་འདེབས་འབུལ་མཁན་དང་འབུལ་གྲངས་དབྱར་གནས་དུས་ཆེན་གྱི་མཇུག་བསྡུ་བའི་ཉིན་མོ་སྟེ། ཨ་ཅེ་ལྷ་མོ་འཁྲབ་མཇུག་འགྲིལ་བའི་མཚམས་བཀྲ་ཤིས་རྒྱག་པའི་དུས་སུ་དུད་མིང་ནས་འབོད་དེ་ཁྱབ་བསྒྲགས་བྱེད་པ་དང་འབྲེལ་བཀའ་དྲིན་ཞུ་ཞིང་བཀྲ་ཤིས་སྨོན་ལམ་འདེབས་ཀྱི་ཡོད། སྨོན་ལམ་གྱི་ནང་དོན་ཡང་སྤྱི་ཚོགས་དུས་བདེ་ཞོད་འཇགས་ཡོང་བ་དང་། འབྲུ་རིགས་སྣ་ལྔར་ལོ་ལེགས་འབྱུང་བ་དང་། མི་དམངས་ཚོ་བདེ་སྐྱིད་ཁམས་བཟང་ཡོང་བ། འདོད་ཡོན་ལོངས་སྤྱོད་རྒྱས་པ་སོགས་རེད། མཐར་ཟློས་གར་ཁང་གི་གུར་ཆེན་པོའི་དཀྱིལ་དུ་བཞུགས་པའི་ཨ་ཅེ་ལྷ་མོའི་སྲོལ་གཏོད་པ་པོ་སྟེ་གྲུབ་ཆེན་ཐང་སྟོང་རྒྱལ་པོར་གུས་ཕྱག་འཚལ་བ་དང་། ནས་རྩམ་གནམ་ལ་མཆོད་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བཀྲ་ཤིས་རྒྱག་པའི་བྱེད་སྒོ་དེ་འཁྲུག་ཆ་དོད་པའི་རྣམ་པའི་ཁྲོད་མཇུག་གྲོལ་བ་རེད།

འབའ་ཐང་ཨ་ཅེ་ལྷ་མོ་འཁྲབ་སྟོན་གྱི་འཁྲབ་སྟངས་བག་ཆགས་པོ་དང་གནའ་ཉམས་དོད་པོ་དང་། དལ་ཞིང་སེམས་ལ་དགའ་སྐྱོའི་ཚོར་བ་དབང་མེད་དུ་འཕྱུར་ནུས་པའི་འཁྲབ་ངག་སྙན་མོ་དག་འབའ་པའི་མི་རྣམས་ཀྱི་ཤའི་གསེང་དང་རུས་ཀྱི་ཁོག་ཏུ་ཟུག་ཟིན་ལ། མི་ཡུལ་དུ་འཚོ་གནས་བྱེད་བཞིན་ཡོད་པའི་འབའ་ཐང་བའི་རྨི་ལམ་ནང་གི་དྲན་ཚོར་ཟབ་མོ་ཞིག་ཡིན་ནོ།།


  • ལེ་ཚན་སྔོན་མ།:གར་གྱི་ཆ་བྱད་དགུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།