ཆབ་མདོའི་སྐོར་བྲོ།

བསོད་ནམས་ཉི་མ།        2013-12-02

 ཆབ་མདོ་ལ་གནའ་ནས་བཟུང་བོད་ཤར་ཕྱོགས་ཀྱི་འོད་འཚེར་བའི་མུ་ཏིག་ཅེས་པའི་མིང་སྙན་མོ་ཞིག་ཆགས་ཡོད་ལ།དེ་ནི་གནའ་བོའི་ཇ་རྟའི་ཚོང་ལམ་གྱི་གྲོང་བརྡལ་འགངས་ཆེན་ཞིག་ཡིན་ཞིང་།ཁམས་ཀྱི་ས་ཆའི་ལྟེ་བའི་གནའ་གྲོང་ཞིག་ཀྱང་ཡིན་ཏེ།ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་འོད་སྟོང་འབར་བ་ཞིག་ཡོད་པ་རེད།
    ཆབ་མདོའི་སྐོར་བྲོ་ཡིས་བོད་ཤར་ཕྱོགས་ཀྱི་འོད་འཚེར་བའི་མུ་ཏིག་འདིར་འོད་སྣང་མི་ཉུང་བ་ཞིག་བསྣན་ཡོད་པ་གོར་མ་ཆག ཆབ་མདོ་རུ་གཏམ་འདི་འདྲ་ཞིག་དར་ཁྱབ་ཆེ་སྟེ་སྨྲ་ཤེས་པ་ཙམ་གྱིས་གཞས་གཏོང་ཤེས་ཤིང་འགྲོ་ཤེས་པ་ཙམ་གྱིས་བྲོ་འཁྲབ་ཤེས་ཟེར། སྐད་ཆ་འདི་ཡིས་ཆབ་མདོ་མི་དམངས་ནི་གླུ་གར་ལ་མཁས་པའི་ཁྱད་ཆོས་མངོན་པར་མཚོན་ཡོད་ཅིང་། འདིར་བརྗོད་པའི་བྲོ་ཟེར་བ་དེ་གཙོ་བོ་ནི་སྐོར་བྲོ་ལ་གོ་དགོས།
    སྐོར་བྲོ་ནི་འཁྲབ་སྟོན་པ་ཀུན་ཟླུམ་སྐོར་བརྒྱབ་ནས་འཁྲབ་སྟོན་བྱེད་པའི་བྲོ་ཞིག་ཡིན་པ་དང་བོད་ལྗོངས་དང་། ཡུན་ནན། སི་ཁྲོན། མཚོ་སྔོན་སོགས་ཀྱི་བོད་ཁུལ་དུ་དར་ཁྱབ་ཆེ་ཞིང་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་རེ་ལྡན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གངས་རིའི་ཞིང་ཁམས་འདིར་འཚོ་བ་བཞེས་མྱོང་བའི་མེས་པོ་རྣམས་ཀྱིས་དང་ཐོག་ངལ་རྩོལ་གྱི་བར་གསེང་དུ་མཐོན་པོའི་དབྱངས་རྟ་དྲངས་ནས་གླུ་ལེན་པ་དང་ཡང་ན་བྲོ་འཁྲབ་པ་དེ། ཕྱིས་ཀྱི་ཚ་བོ་ཚ་མོ་དག་གིས་འཁྲབ་སྟོན་གྱི་རྣམ་པར་བསྒྱུར་ཏེ་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
    ཆབ་མདོའི་སྐོར་བྲོ་ལ་ངག་རྒྱུན་གཞན་ཞིག་ཡོད་པ་ནི་འདི་ལྟ་སྟེ། སྔོན་ཆད་དེས་པ་རྣམས་ཀྱིས་རྟ་ཟམ་དང་ལམ་བར་དུ་ངལ་གསོ་རྒྱག་སྐབས་ཐབ་རྡོ་རྐང་གསུམ་མའི་ཐོག་ཏུ་ཇ་བསྐོལ་ནས་ཐབ་ཀ་དེར་སྐོར་བ་རྒྱག་བཞིན་གླུ་ལེན་གར་རྩེད་བྱས་ཏེ་ལམ་གྱི་ངལ་དུབ་སེལ་བའི་རང་སྣང་གསོ་བར་བྱེད་པ་ལས་བྱུང་བ་ཞིག་ཡིན་པར་འདོད། ང་ཚོས་ངག་རྒྱུན་འདིའི་བདེན་རྫུན་འབྱེད་པ་རེ་ཞིག་བསྐྱུར་ཏེ་ཡིད་དབང་འགུགས་པའི་སྣང་ཚུལ་དེ་ལ་འཆར་ཡན་འདི་འདྲ་ཞིག་བྱ་སྟེ། གྱ་གྱུར་འཐེན་པའི་གནའ་བོའི་ཇ་རྟའི་ཚོང་ལམ་རིང་མོ་རུ་དེས་པ་རུ་ཁག་ཅིག་དང་། མེ་ཕུང་གཅིག ལྷོག་ལྷོག་ཏུ་གདུ་པའི་ཇ་ཡི་བ་མ་གཅིག ངོ་གདོང་སྨུག་ནག་ཅན་གྱི་ཁམས་པའི་ཕོ་རྒོད་ཁ་ཤས། ངལ་དུབ་ཀྱིས་མནར་ཡང་གདོང་གི་འཛུམ་མདངས་ཡལ་བ་མེད་པར་ཐབ་ཀྱི་མེ་ཕུང་བསྐོར་ཏེ་སྐབས་རེར་ལྷོད་ཅིང་དལ་བ་དང་སྐབས་རེར་སྟངས་སྟབས་མགྱོགས་མོའི་ངང་བརྗིད་པའི་གླུ་སྒྲ་བསྒྲགས་ནས་ཉམས་འགྱུར་སྟོན། དེ་ཡིས་ནི་མི་རིགས་ཤིག་གི་སྤྲོ་སྣང་གི་སེམས་ཁམས་དང་འཆར་ཡན་གྱི་རྣམ་པ། བརྟན་བརླིང་དང་ཞུམ་པ་མེད་པའི་སྙིང་སྟོབས་ཤིག་མངོན་བཞིན་ཡོད་པ་མ་ཡིན་ནམ། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ངལ་རྩོལ་མི་དམངས་ཀྱིས་འཚོ་བའི་དཀའ་ཚེགས་དང་ཕ་ཡུལ་གྱི་བརྩེ་འདང་། བདེ་སྐྱིད་ཀྱི་རེ་སྨོན་སོགས་གླུ་བྲོ་དང་སྦྲེལ་ནས་ལོ་ངོ་སྟོང་ལ་བརྒྱུད་ཡོང་ནས་མ་ཉམས་པར་གནས་ཡོད།
    སྔོན་ཆད་ཀྱི་གནའ་བོའི་ཇ་རྟའི་ཚོང་ལམ་ཐོག་གི་རྟ་དྲེལ་སྐེ་ཡི་སིལ་སྙན་གྱི་དབྱངས་རྟ་རླུང་གིས་ཁུར་སོང་ཡང་སྐོར་བྲོ་ནི་མི་རབས་ནས་མི་རབས་ལ་བརྒྱུད་ཡོང་ཡོད་པ་མ་ཟད། ཚེ་སྲོག་གི་སྟོབས་ཤུགས་གསར་པ་ཞིག་ཀྱང་རྒྱས་ཡོད་པ་རེད། དེང་སྐབས་སྐོར་བྲོ་འཁྲབ་མཁན་ཚོར་སྔོན་མ་ནང་བཞིན་ལམ་བར་གྱི་དཀའ་ཚེགས་དང་མདུན་ལམ་གྱི་སེམས་ཁུར་མེད་ན་ཡང་མེས་པོ་ཚོར་རྗེས་དྲན་བྱེད་པ་དང་འཚོ་བ་ལ་དགའ་ཞེན་ཆེ་བ། དར་བའི་དུས་རབས་འདིར་སྤྲོ་སྣང་ཆེ་བའི་སེམས་ཁམས་བཅུད་ཀྱིས་ཁེངས་ཡོད། གླུ་ཚིག་དང་དབྱངས་རྟ་གཅིག་ཡིན་ན་ཡང་དུས་རབས་མི་འདྲ་བའི་ནང་སེམས་ཁམས་མི་འདྲ་བ་མཚོན་ཐུབ་ཡོད་པ་རེད་ཨང་།
    དར་རྒྱས་ཆེ་བའི་དུས་རབས་སུ་ལོ་རྒྱུས་ལ་ཡང་བསྐྱར་ཞིབ་དཔྱད་བྱེད་ཐུབ་པ་ཤ་སྟག་རེད། སྐོར་བྲོ་ལ་ཞིབ་འཇུག་བྱེད་པ་ནི་དོན་དངོས་སུ་ཆབ་མདོའི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན་ཏེ། དེ་ལྟ་བུའི་ཞིབ་འཇུག་ལ་དར་རྒྱས་ཆེ་བའི་དུས་རབས་འདི་འདྲ་ཡི་རྩ་བའི་ཆ་རྐྱེན་འཛོམས་དགོས་པ་རེད། སྐོར་བྲོ་སྒྱུ་རྩལ་ནི་དམངས་ཁྲོད་ནས་བྱུང་སྟེ་དམངས་ཁྲོད་དུ་དར་ཞིང་དམངས་ཁྲོད་དུ་རྐང་བཙུགས་ཁྱབ་སྤེལ་བྱས་ཐུབ་པ་བྱུང་ཡོད་པས། གླུ་ཚིག་ཏུ་ལོ་རྒྱུས་དོན་རྐྱེན་དང་དམངས་སྲོལ་གོམས་གཤིས། བསམ་པའི་འཁྱེར་སོ་སོགས་ཕྱོགས་གང་མང་འདུས་ཡོད་ལ། མི་རིགས་ཤིག་གི་བྱུང་འཕེལ་ལོ་རྒྱུས་བཀོད་ཡོད་པའི་ཟིན་ཐོ་གསལ་པོ་ཞིག་ཡིན་པ་དང་། ཆབ་མདོར་མཚོན་ན་ཡང་རང་གི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཆབ་མདོ་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་བཞེས་འོག་རིག་གནས་པ་ཁག་ཅིག་མི་རིགས་དམངས་ཁྲོད་རིག་གནས་ཀྱི་ཁུངས་འཚོལ་སྡུད་བྱེད་པའི་ལམ་དུ་བསྐྱོད་ཅིང་། སྐོར་བྲོ་ཡང་དེ་དུས་ཀུན་གྱི་སྤྱན་ལམ་དུ་བསྟར་བ་ཞིག་རེད། ཡིན་ན་ཡང་ཆ་རྐྱེན་འདྲ་མིན་གྱི་ཚད་བཀག་གི་དབང་གིས་དབྱངས་རྟ་དང་གཞས་ཚིག་ཟིན་ཐོར་འགོད་ཐུབ་པའི་མི་མང་པོ་ཞིག་བྱུང་མེད།
    སྤྱི་ལོ༡༩༨༣ལོ་དང་༡༩༨༥ལོའི་བར། ཆབ་མདོ་རྫོང་ཝུའུ་ལན་མུའུ་ཆི་དྲིལ་བསྒྲགས་རུ་ཁག(༢༠༠༢ལོར་ཆབ་མདོ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་མིང་དུ་བསྒྱུར་)དང་ཆབ་མདོ་རྫོང་ཁྲིན་ཀོན་ཀྲིན་སྒོར་བྲོ་རུ་ཁག་སྔ་རྗེས་སུ་བཙུགས་རྗེས། ཕུལ་བྱུང་གི་དམངས་ཁྲོད་རིག་གནས་ལས་ཀ་པ་སྐོར་ཞིག་བསྡུ་ལེན་བྱས་ནས་ཆབ་མདོའི་སྐོར་བྲོ་རྒྱུད་འཛིན་དང་འཕེལ་རྒྱུས་སུ་གཏོང་བར་རྨང་གཞི་བཙུགས་པ་རེད། ༢༠༠༤ལོའི་ཚུན་དུ། ཆབ་མདོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔོན་ཐོན་རིག་གནས་དར་སྤེལ་དང་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དམིགས་སུ་བཟུང་སྟེ་མི་རིགས་དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་གྱི་ལས་དེ་ཡང་བསྐྱར་ལས་སྒྲུབ་རྣམ་གྲངས་འགངས་ཆེན་གྱི་གྲས་སུ་ཚུད་པར་བྱས་པ་དང་། བསྡུ་ལེན་ལེགས་སྒྲིག་དང་སྲུང་སྐྱོབ་ཞིབ་འཇུག་མ་ལག་རང་བཞིན་ཅན་དུ་བསྒྱུར་ཏེ་མིག་སྔའི་བར་དུ་འགྲོ་གྲོན་སྒོར་ཁྲི་ཉི་ཤུ་ལྷག་བཏང་གནང་ཡོད་པ་རེད། རྫོང་དྲིལ་བསྒྲགས་དང་རིག་གནས་སྡེ་ཁག་གིས་དམངས་ཁྲོད་སྒྱུ་རྩལ་པའི་སྤྱི་ཚོགས་གོ་གནས་མཐོ་རུ་གཏོང་བར་དམིགས་ནས་“དམངས་ཁྲོད་སྒྱུ་རྩལ་པ་ཆེན་པོ་བཅུ་”བདམས་པ་དང་། སྒྱུ་རྩལ་པ་འཚོལ་ཞིབ་དང་འཚམས་འདྲིའི་ལས་སོགས་བསྒྲུབས་ཡོད། རྫོང་རིག་གནས་ཅུས་དང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རིག་རྩལ་ལས་ཀ་བྱེད་མཁན་དམངས་ཁྲོད་དུ་ཟབ་ཞུགས་གནང་ནས། ཞིབ་བཤེར་རྒྱུས་ལོན་དང་དམངས་ཁྲོད་མི་སྣར་བཅར་འདྲི་སོགས་བྱས་ཏེ་ཁོ་ཚོའི་ངག་གི་དབྱངས་ཚིག་དེ་དག་ཇི་མ་ཇི་བཞིན་དུ་ཟིན་ཐོར་བཀོད་པ་དང་། མངོན་མེད་རིག་གནས་ཤུལ་བཞག་ལེགས་སྒྲིག་རེ་ཞུ་བྱེད་པའི་ལས་ཀ་སོགས་ཧུར་ཐག་གིས་བསྒྲུབས་ཡོད་པ་རེད། རྒྱབ་ལྗོངས་འདི་འདྲ་ཞིག་གི་འོག་ཏུ་ཆབ་མདོའི་སྐོར་བྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་བྱང་རིམ་པ་དང་པོའི་ནང་དུ་ཚུད་ཡོད་པ་དང་། ༢༠༠༩ལོའི་ཟླ་༢པའི་ནང་རིག་གནས་པུའུ་ཡིས་ཆབ་མདོ་རྫོང་ལ་“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་”ཞེས་པའི་མིང་འདོགས་མཛད་པ་དང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གླུ་ཚིག་དང་དབྱངས་རྟ་༢༥༠ལྷག་ལ་ཚད་ལྡན་གྱི་ཚིག་དང་དབྱངས་ཀྱི་ཟིན་ཐོ་ཡོད་པར་གྱུར་པ་དང་སྒྲ་བརྙན་པར་སྐྲུན་མང་པོ་ཞིག་ཚོང་རར་བཀྲམ་ནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
    དེང་སྐབས། སྐོར་བྲོ་ནི་ཆབ་མདོའི་རྟགས་མཚན་ཞིག་ཏུ་གྱུར་ཡོད་དེ། རྒྱང་རིང་གི་མགྲོན་པོར་བསུ་བ་བྱེད་དུས་སྐོར་བྲོ་འཁྲབ་ལ། གྲོགས་པོ་དགའ་འཛོམས་བྱེད་དུས་བརྩེ་འདང་ཇེ་ཟབ་ཏུ་གཏོང་བྱེད་ཀྱང་སྐོར་བྲོ་ཡིན་ལ། རྨོ་འདེབས་དང་ལོ་ལེགས་བྱུང་དུས་ཞིང་ཁ་རུ་ཡང་སྒོར་བྲོ་འཁྲབ། རིག་རྩལ་གྱི་རྣམ་པ་འདི་འདྲ་ཞིག་གིས་མི་རིགས་ཤིག་གི་གཤིས་བཟང་སྐྱེད་སྲིང་བྱས་པ་དང་མི་རིགས་ཤིག་གི་དར་རྒྱས་ཀྱང་ཟིན་ཐོར་བཀོད་ཡོད། འདི་ནི་གཟུགས་མེད་རིག་གནས་ཀྱི་འགྲན་ཟླ་བྲལ་བའི་ཟིལ་ཤུགས་དང་གསོན་ཤུགས་ཡིན་ནོ། །

  • ལེ་ཚན་སྔོན་མ།:རྣམ་ཐར་ཟློས་གར་གྱི་བྱུང་རབས་མདོ་ཙམ་བརྗོད་པ།
  • ལེ་ཚན་རྗེས་མ།:མི་ཉག་མགར་ཐར་གྱི་ལྷ་མོའི་ཟློས་གར།