རྣམ་ཐར་ཟློས་གར་གྱི་བྱུང་རབས་མདོ་ཙམ་བརྗོད་པ།

ཡོན་ཏན་ལྷུན་གྲུབ།རྡོ་སྦིས་ཀླུ་རྒྱལ་དོན་གྲུབ།        2012-12-14

རྣམ་ཐར་ཟློས་གར་གྱི་བྱུང་རབས་མདོ་ཙམ་བརྗོད་པ།

གཅིག བོད་ཀྱི་ཟློས་གར་རགས་བཤད།
བོད་ཀྱི་ཟློས་གར་ལ་ལྷ་སའི་སྐད་དུ་ལྷ་མོའང་ཨ་ཅེ་ལྷ་མོ་ཟེར་ལ།སྤྱི་ལོ་དུས་རབས༡༤པར་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་སུ་འཁྲུངས་པའི་ཐང་སྟོང་རྒྱལ་པོ(སྤྱི་ལོ༡༣༦༡ནས་༡༤༨༥)ཟེར་བ་དེས་གསར་སྤེལ་བྱས།
ཐང་སྟོང་རྒྱལ་པོའི་མཚན་ལ་ཆུང་དུས་སུ་ཁྲོ་བོ་དཔལ་ལྡན་ཞེས་འབོད་ཅིང་།ཁོང་ནི་ཆུང་དུས་ནས་སྤྱང་གྲུང་འཛོམས་ལ་ཕན་སེམས་ཆེ་བ།རིག་པ་རྣོ་བས་ཕ་མ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ།ཉི་མ་སེང་གེའི་དྲུང་ནས་རབ་ཏུ་བྱུང་ཞིང་།མདོ་སྟོད་སྐྱ་རའི་དགོན་པའི་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་ནས་བསྙེན་པར་རྫོགས།
མཚན་ལ་བརྩོན་འགྲུས་བཟང་པོར་བཏགས།སྔ་གཞུག་ཏུ་སློབ་དཔོན་བློ་གྲོས་རྡོ་རྗེ་དང་དཀོན་མཆོག་དར་མ།རེད་མདའ་བ་གཞོན་ནུ་བློ་གྲོས།ཞ་ཕུར་བ་སོགས་ལས་གསང་སྔགས་རྙིང་མ་དང་མེ་རླུང་གི་སྒོམ་ཐབས་མན་ངག་དུ་མ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་པའི་གནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ་བས།ཤངས་པ་བཀའ་བརྒྱུད་པའི་བཙུན་པ་མིང་གྲགས་ཅན་ཞིག་ཏུ་གྱུར།ཁོང་གིས་རྒྱ་གར་དང་བལ་བོ་སོགས་ནས་སློབ་གཉེར་ལོ་བཅོ་བརྒྱད་ལྷག་ལ་མཛད།རྗེས་སུ་ཁོས་མདོ་དབུས་ཁམས་གསུམ་ནས་ཆོས་རྒྱུད་སྤེལ་བའི་སྐབས་སུ།རི་ལུང་མང་པོ་བརྒལ་བའི་ཁྲོད་དུ།བོད་ཁུལ་དུ་རི་མཐོ་ཞིང་གཡང་གཟར་ལ་ཆུ་བོ་མང་པོ་དྲག་ཏུ་འབབ་པས།མི་དང་ཕྱུགས་ཟོག་ཕར་འགྲོ་ཚུར་འོང་ཧ་ཅང་དཀའ་ལ།མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལའང་དཀའ་ལས་གང་མང་བཟོས་ཕྱིར།
ཟློས་གར་འཁྲབ་སྟོན་གྱི་རྣམ་པས་སློང་མོ་བྱས་ཏེ་ཟམ་པ་འཛུགས་པའི་བསམ་ཚུལ་ཞིག་དབང་མེད་དུ་ཤར།ལྷག་པར་དུ་ཐེངས་ཤིག་ལ།ཁོ་རང་ཚལ་གུང་ཐང་ནས་ལྷ་སར་ཕྱིན་པའི་ལམ་དུ།ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བས།ལ་ཁར་ཇག་པ་དང་ཆུ་ཁར་གཉན་དཔོན་གྱི་དཔེ་ལྟར་གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་གཞུས་ཏེ་ཆུ་ནང་དུ་བསྐྱུར་བས།ཐུགས་ཡིད་ཤིན་ཏུ་ཕམ་པ་ཞིག་བྱུང་བ་མ་ཟད།ཉམ་ཐག་གི་སྐྱེ་བོ་བགྲང་ལས་འདས་པ་ཞིག་ཀྱང་འདི་དང་འདི་འདྲའི་བརྙས་བཅོས་དང་དཀའ་སྡུག་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས་སླར་ཐུགས་ཀྱིས་མ་བཟོད་པར་ཆུ་ཀླུང་བརྒལ་མི་བཏུབ་པ་རྣམས་ལ་ལྕགས་ཀྱི་ཟམ་པ་འཛུགས་རྒྱུའི་མི་འགྱུར་དམ་བཅའ་ཐུགས་སུ་བཀོད།དེ་རྗེས་ཁོང་གིས་འཕྱོངས་རྒྱས་ཁྱིམ་རྒྱུད་ནས་གླུ་གར་ལ་དགའ་བའི་བུ་མོ་སྤུན་བདུན་ལ་ཡར་སྐུལ་བཏང་སྟེ།ལྷ་མོ་ཚོགས་པ་ཞིག་བཙུགས་ཤིང་དེའི་ནང་ནས་བུ་མོ་གཉིས་ཀྱིས་རྔོན་པ་དང་།བུ་མོ་བཞིས་ལྷ་མོ།བུ་མོ་གཅིག་གིས་རོལ་མོ་དཀྲོལ་བ།གྲུབ་ཐོབ་རང་ཉིད་ཀྱིས་རྔ་བརྡུངས་མཁན་བཅས་མཛད་དེ་བོད་ཀྱི་ལོ་རྒྱུས་སྟེང་ཡར་ཀླུང་འཕྱོངས་རྒྱས་སྤུན་བདུན་པ་ཞེས་པའི་ཟློས་གར་ཚོགས་པ་དེ་ཐོག་མར་གསར་འཛུགས་བྱས།ཁོང་གིས་ནང་བསྟན་དུ་བཀོད་པའི་ལྷ་སྒྲུང་དང་དམངས་ཁྲོད་ཀྱི་ངག་རྒྱུན་གཏམ་རྒྱུད་བརྗོད་བྱ་བྱས་ཏེ།སྤྱི་ལོ་དུས་རབས་བརྒྱད་པའི་བོད་ལྷོ་ཕྱོགས་ཀྱི་བསམ་ཡས་དགོན་པ་འཛུགས་པའི་མཛད་སྒོའི་སྟེང་ནས་འཁྲབ་མྱོང་བའི་སྲོལ་རྒྱུན་གྱི་འཆམ་མམ་ལྐུགས་ཟློས་ཀྱི་རྨང་གཞིའི་སྟེང་།དམངས་ཁྲོད་ཀྱི་གླུ་ལེན་གར་རྩེད་ཀྱི་འཁྲབ་སྟངས་བསྡུ་ལེན་བྱས་ཏེ།གཏམ་རྒྱུད་ཀྱི་བརྒྱུད་རིམ་ལྡན་ཞིང་གླུ་དང་།གྱེར་འདོན།བཤད་པ།གར་སོགས་གོང་བུ་གཅིག་ཏུ་གྲུབ་པའི་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་འགོ་ཁུངས་གསར་གཏོད་གནང་བ་རེད།ངག་རྒྱུན་ལྟར་ན་སྤུན་བདུན་པ་ཞེས་པ་ནི་ཆེས་སྔ་བའི་བོད་ཀྱི་ཟློས་གར་ཚོགས་པ་ཞིག་ཡིན་ལ།དེས་བསམ་ཡས་དགོན་པའི་ལྡེབས་རིས་སྟེང་གི་འབོག་དཀར་ཟློས་གར་གྱི་འཁྲབ་སྟོན་རྣམ་པའི་སྒྱུ་རྩལ་གོམས་སྲོལ་དང་འཁྲབ་ཆས།གཙུག་རྒྱན།ཞབས་བྲོའི་རྣམ་པ་བཅས་སྔར་བཞིན་རྒྱུན་འཛིན་བྱས་ཡོད་པས།བོད་ཀྱི་ལོ་རྒྱུས་སྟེང་ཐང་སྟོང་རྒྱལ་པོ་ནི་ཟློས་གར་གྱི་ཡབ་མེས་སུ་བརྩི་བ་རེད།ལོ་རྒྱུས་སུ་བཀོད་པ་ལྟར་ན།ཐང་སྟོང་རྒྱལ་པོས་མི་ཚེ་གང་བོར་ལྕགས་ཟམ༥༠དང་།ཤིང་ཟམ༦༠ཤན་ཁ་ཁག་ཆེ་ཆུང༡༠༨བཅས་གསར་འཛུགས་བྱས་པར་མཚན་དུ་གྲུབ་ཆེན་ལྕགས་ཟམ་པའང་ཐོགས།ཁོང་གིས་ཟམ་པ་ཨང༥༨པ་འཛུགས་སྐབས་སུ།བོད་དམངས་ཁྲོད་ཀྱི་ཟློས་གར་ཚོགས་པ་ཨང་གཉིས་པ་སྟེ་ཨ་ཅེ་ལྷ་མོའི་ཚོགས་པ་གསར་དུ་བྱུང་ཞིང་།དེ་ནས་བཟུང་བོད་ཀྱི་ཟློས་གར་ལའང་ཨ་ཅེ་ལྷ་མོ་ཞེས་འབོད་ལ།དེ་མུར་ཟློས་གར་ལྷ་སའི་ས་ཕྱོགས་ཀུན་ཏུ་ཁྱབ་པར་མ་ཟད།རྒྱང་རིང་གི་བལ་བོ་དང་།འབྲུག་ཡུལ།འབྲས་ལྗོངས།རྒྱ་གར་གྱི་བྱང་ཕྱོགས་ས་ཁུལ་དུ་དར་ཁྱབ་བྱུང་།དུས་རབས༡༧པར་སླེབས་སྐབས།བོད་ཀྱི་ཟློས་གར་དར་ཆེ་བའི་རྣམ་པ་ཞིག་བྱུང་བ་དང་།ལྷག་པར་དུ་རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ(སྤྱི་ལོ༡༦༡༧ནས་སྤྱི་ལོ༡༦༨༢)བོད་ཀྱི་དམངས་ཁྲོད་ཟློས་གར་ལ་ཐུགས་སེམས་ཤིན་ཏུ་དགྱེས་ནས།ལོ་རེའི་ཞོ་སྟོན་དུས་ཆེན་གྱི་སྐབས་སུ།ས་ཁུལ་སོ་སོའི་མིང་གྲགས་ཆེ་བའི་ཟློས་གར་ཚོགས་པ་གཅིག་ཏུ་བསྡུས་ནས་འཁྲབ་སྟོན་བྱེད་རྒྱུའི་ཐག་གཅོད་བྱས།འདི་ནི་བོད་ཀྱི་ཟློས་གར་འགྲེམས་སྟོན་ཐེངས་ཤིག་ཡིན་པར་མ་ཟད།སྒྱུ་རྩལ་སྟེང་གི་བརྗེ་རེས་ཤིག་ཀྱང་ཡིན་པས།བོད་ཀྱི་ཟློས་གར་དར་སྤེལ་དང་འཕེལ་རྒྱས་ཐད་ལ་སྐུལ་འདེད་ཆེན་པོ་ཐོབ། བོད་ཀྱི་ཟློས་གར་དེ་དུས་རབས་ཀྱི་འཕེལ་འགྱུར་དང་།
རང་ཉིད་ཀྱི་གོང་འཕེལ་བརྒྱུད་དེ།ལྷ་སའི་ནང་ཁུལ་ནས་རིམ་གྱིས་ཁམས་དང་།ཨ་མདོའི་ཀན་སུའུ་དང་མཚོ་སྔོན་སོགས་སུ་ཁྱབ་སྟེ།ས་དེ་གའི་ཁྱད་ཆོས་ལྡན་པའི་ཟློས་གར་གྱི་གྲུབ་མཐའ་སྣ་ཚོགས་གྲུབ་པ་རེད།དཔེར་ན།ལྷོ་ཁའི་ཡར་ཀླུང་ས་ཁུལ་གྱི་འབོག་དཀར་རྣམ་ཐར་དང་།གཙང་ས་ཁུལ་ནས་བྱུང་བའི་འབོག་སྔོན་རྣམ་ཐར།དུས་རབས༧པར་བྱུང་བའི་འཕགས་པ་ལྷའི་སྐབས་ཀྱི་ཆབ་མདོ་རྣམ་ཐར།བསང་ཆུ་བླ་བྲང་ནས་བྱུང་བའི་ཨ་མདོ་རྣམ་ཐར་སོགས་ཡོད་ལ།དེ་དང་མཉམ་དུ་བོད་ཁུལ་ཡོངས་ལ་སྙན་གྲགས་ཆེ་བའི་རྣམ་ཐར་ཚོགས་པ་ཞིག་བྱུང་བ་ནི།དཔེར་ན།འབོག་དཀར་གྲུབ་མཐའ་ལ་ལྷོ་ཁའི་འཕྱོངས་རྒྱས་ཀྱི་སྤུན་བདུན་པ་དང་།སྣེ་གདོང་བཀྲ་ཤིས་ཕྱོགས་པ།སྙེ་མོའི་དར་རོང་།ལྷུན་གྲུབ་སྒང་པ།སྟོད་ལུང་གི་ཉང་རྩེ་བ་སོགས་ཡོད་ལ།འབོག་སྔོན་གྲུབ་མཐའ་ལ་ལྷ་སའི་ཉེ་འདབས་ཀྱི་སྟོད་ལུང་གི་སྐྱོར་མོ་ལུང་བ་དང་།གཙང་།རི་ཁ་རྩེ།རྒྱལ་རྩེ།རིན་སྤུངས།པ་སྣམ་ས་ཁུལ་སོགས་ཀྱི་བཞད་གད་པ་དང་།རྣམ་གླིང་ས་ཁུལ་གྱི་ཤངས་པ་དང་།མངའ་རིས།ལྷ་རྩེ།དིང་རི།ངམ་རིང་ས་ཁུལ་གྱི་གཅུང་པ་སོགས་ཡོད།དེ་མིན།ད་དུང་བོད་ཤར་ཁུལ་གྱི་ཆབ་མདོ་དང་།དཀར་མཛེས་ཀྱི་འབའ་ཐང་།རྔ་བའི་རྒྱལ་རོང་སོགས་ཀྱི་རྣམ་ཐར་ཚོགས་པའང་ཡོད།འཁྲབ་གཞུང་གཙོ་བོར་བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་དུ་གྲགས་པའི་སྲོང་བཙན་སྒམ་པོ་དང་ཆོས་རྒྱལ་ནོར་བཟང་།སྣང་ས་འོད་འབུམ།སྲས་དོན་ཡོད་དོན་གྲུབ།གཟུགས་ཀྱི་ཉི་མ།དྲིན་མེད་ཀུན་ལྡན།འགྲོ་བ་བཟང་མོ།དད་པ་བརྟན་པོ།ད་དུང་སྤྲིན་གྱི་ཕོ་ཉ།རས་ཆུང་བ།མཁྱེན་པ་ཆེན་པོ་སོགས་དུ་མ་ཡོད།
གཉིས།རྣམ་ཐར་ཟློས་གར་རགས་བཤད།
རྣམ་ཐར་ཟློས་གར་ལ་ཨ་མདོ་ཡང་ཟེར་ལ།དུས་རབས༡༨པའི་དུས་འགོར་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་གི་ནང་གསེས་ཏེ།
བསང་ཆུའི་འགྲམ་རྒྱུད་དུ་ཆགས་པའི་བླ་བྲང་དགོན་པར་ཐོག་མར་དར་ལ།རྣམ་ཐར་ཟློས་གར་ནི་མདོར་བསྡུས་ནས་བཤད་ན།མིང་ལས་དོན་རྟོགས་ཐུབ་པ་ཞིག་ཡིན་ཞིང་།ལོ་རྒྱུས་མི་སྣའི་རྣམ་ཐར་དང་།ཡང་ན་དམངས་ཁྲོད་གཏམ་རྒྱུད་ནང་གི་མི་སྣ་མིང་གྲགས་ཅན།མི་རིགས་ཀྱི་དཔའ་བོ་བཅས་བརྗོད་བྱ་བྱེད་པར་མ་ཟད་གཏིང་ཟབ་ཀྱི་བརྗོད་དོན་ལྡན་པ་དང་།གཞི་ཆ་ཚང་བའི་སྒྱུ་རྩལ་ཅན་གྱི་ཟློས་གར་འཁྲབ་སྟོན་གྱི་རྣམ་པ་ཞིག་ཡིན།
 ༡.རྣམ་ཐར་ཟློས་གར་གྱི་བྱུང་ཚུལ།
རྣམ་ཐར་ཟློས་གར་གྱི་བྱུང་ཚུལ་དེ་ཁུངས་གཏུགས་ནས་བཤད་ན།ཆེས་ཐོག་མར་བླ་བྲང་དགོན་པའི་སྐྱབས་མགོན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོའི་(སྤྱི་ལོ༡༧༢༨ནས༡༧༩༡)དུས་ལ།གུང་ཐང་སྐུ་ཕྲེང་གསུམ་པ་བསྟན་པའི་སྒྲོན་མེས(སྤྱི་ལོ༡༧༦༢ནས་སྤྱི་ལོ༡༨༢༣)བླ་བྲང་དགོན་པའི་ཁྲི་རབས༢༡མཛད་བཞིན་པའི་སྐབས་སུ།ཐེངས་ཤིག་གུང་ཐང་ཚང་རྒྱལ་རོང་སོ་མང་དཔོན་རབས་དགུ་བ་སྒྲོལ་མ་འཚོས་གདན་འདྲེན་ཞུས་པ་ལྟར་རྒྱལ་རོང་དུ་ཕེབས་ནས་དེ་གའི་མཁའ་འགྲོ་རྣམ་ཐར་ཚོགས་པའི་འཁྲབ་སྟོན་བྱེད་པའི་མཁྱེན་རབས་པ་མགོན་པོ་རྡོ་རྗེ་ཞེས་པར་གཟིགས་རྗེས།སྒྲོལ་མ་འཚོས་གུང་ཐང་མཆོག་གིས་རྒྱལ་རོང་རྣམ་ཐར་ལ་བསྟོད་པ་གང་མང་གནང་བ་མཐོང་ནས།དེ་མ་ཐག་སེང་གེ་ཆ་གཉིས་དང་ཙ་རའི་གདོང་འབོག རྔ་སྦུབས་ཆ་ཚང་དང་བཅས་ཁོང་ལ་འཕུལ་བས་ཁོང་ཉིད་ལ་བག་ཆགས་གཏིང་ཟབ་ཅིག་ཐེབས།ཕྱིར་རང་དགོན་དུ་ལོག་རྗེས་ཀུན་མཁྱེན་སྐུ་ཕྲེང་གཉིས་པའི་བཀའ་མོལ་ལྟར་རྗེ་བཙུན་མི་ལ་རས་པའི་མགུར་གླུ་ཞེས་པའི་དཔེ་ཆ་ཞིག་བརྩམས་ཤིང་།དེའི་ནང་གི་མགུར་གླུའི་སྐོར་ཤ་འཆམ་དུ་བསྒྱུར་སྒྲིག་བྱས།
འཁྲབ་གཞུང་དེའི་བརྗོད་བྱ་གཙོ་བོ་ནི་རྗེ་བཙུན་མི་ལས་རྔོན་པ་མགོན་པོ་རྡོ་རྗེ་ལ་བཀའ་སློབ་གནང་སྟེ་ལག་གི་མདའ་གྲི་བཞག་ནས་ཆོས་ལ་དད་པ་དང་།རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེས་པ་བཅས་ཀྱི་གདམས་པ་གནང་བའི་གཏམ་རྒྱུད་ཅིག་ཡིན།དེའི་འགྲོ་བ་ཀུན་ལ་ཕན་ཞིང་མི་དང་སྲོག་ཆགས་བར་ཞི་མཐུན་ཡོང་བར་སྨོན་པའི་དཔེ་བཟང་ཁྱབ་སྤེལ་དུ་བཏང་ཡོད།འཁྲབ་གཞུང་གི་ཁྲོད་དུ་སློབ་སྟོན་པ་གཉིས་དང་རྔོན་པ་གཉིས།རྔོན་ཁྱི་གཉིས།ཤྭ་བ་གཉིས་བཅས་ཚང་མ་ཆ་རེ་ཆ་རེ་བྱས་ཡོད་པ་དེས་མི་སེམས་ཀྱི་དགེ་སྡིག་གི་ངོ་བོ་ཕྱོགས་གཉིས་ཀ་མཚོན་ཡོད་པ་དང་།སྒྱུ་རྩལ་བཀོལ་སྤྱོད་ཀྱི་སྟེང་ནས།དགོན་པའི་སྲོལ་རྒྱུན་གྱི་འཆམ་དང་དམངས་ཁྲོད་གླུ་གར་གྱི་སྒྱུ་རྩལ་གཉིས་ཟུང་འབྲེལ་བྱས་ཏེ།གླུ་ལེན་དང་གཏམ་བཤད།འདོན་རྟ་དང་བྲོ་གར་བཅས་ལྡན་པའི་སྒྲིག་གཞི་ཆ་ཚང་ཞིང་གཏམ་རྒྱུད་ཀྱི་བརྒྱུད་རིམ་མངའ་བའི་བྲོ་གར་གྱི་རྣམ་པ་ཞིག་གྲུབ་ཡོད་པ་ནི།གདོད་མའི་ལྐུགས་ཟློས་འཆམ་གྱི་རྣམ་པ་ལས་བརྒལ་ཏེ་གོ་རིམ་ངེས་ཅན་དང་ལྡན་པའི་འཁྲབ་སྟོན་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་འཕེལ་རྒྱས་བྱུང་།དེ་ནས་བཟུང་།ཤྭ་འཆམ་དེ་ལོ་རེའི་བདུན་པའི་རིག་སྒྲའི་སྐབས་སུ་འཁྲབ་སྟོན་གྱི་སྲོལ་ཚུགས་ཏེ།ད་ལྟའི་བར་དུ་དགོན་པ་སོ་སོའི་ནང་དུ་སྔར་བཞིན་འཁྲབ་ཀྱིན་འདུག  འདི་ནི་རྣམ་ཐར་ཟློས་གར་གྱི་འབྱུང་ཁུངས་སུ་སྨྲ་ཆོག་པར་སྙམ། དུས་རབས༢༠པའི་དུས་མགོར་སླེབས་རྗེས།སྐྱབས་མགོན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་བསྟན་པའི་རྒྱལ་མཚན(སྤྱི་ལོ༡༩༡༠ནས་༡༩༤༧)མཆོག་ལྷ་སར་ཆོས་སློབ་ཏུ་ཕེབས་སྐབས།སྒེག་ཉམས་ལྡན་པའི་རྣམ་ཐར་གྱིས་ཁོང་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་པས།སྤྱི་ལོ༡༩༤༠ལོར་ཁོང་ལྷ་ས་ནས་ཕྱིར་བླ་བྲང་དགོན་པར་ཕྱིན་རྗེས།བླ་མ་གླིང་ཚང་ལ་འཁྲབ་གཞུང་འབྲི་དགོས་པ་དང་འཁྲབ་ཁྲིད་སྦྱོང་བརྡར་བྱེད་དགོས་པའི་བཀའ་མོལ་གནང་།ཕྱི་ལོར།སྲོང་བཙན་སྒམ་པོ་ཞེས་པའི་རྣམ་ཐར་ཟློས་གར་དེ་ཐོག་མར་བླ་བྲང་དགོན་པ་ནས་དངོས་སུ་འཁྲབ་སྟོན་མཛད།དེ་ནི་ཤྭ་འཆམ་གྱི་འཁྲབ་གཞུང་གི་འབྲི་སྟངས་དང་ལྷ་སའི་ཟློས་གར་གྱི་མཚོན་ཐབས་གཞིར་འཛིན་པ་དང་མཉམ་དུ་དམངས་ཁྲོད་གླུ་གར་དང་ས་ཁུལ་གླུ་མ་གཏམ་གྱི་ཆ་བསྡུ་ལེན་བྱེད་པ་བརྒྱུད་སྒྲ་དབྱངས་སྣ་ཚོགས་ཀྱིས་རམ་འདེགས་བྱས་ནས་གྲུབ་པ་ཞིག་རེད།སྲོང་བཙན་སྒམ་པོ་འཁྲབ་སྟོན་བྱས་རྗེས་ཨ་མདོ་ས་ཁུལ་ལ་བག་ཆགས་ཆེན་པོ་ཞིག་བཞག་སྟེ།ཨ་མདོ་ས་ཁུལ་གྱི་ཀན་སུའུ་དང་མཚོ་སྔོན།སི་ཁྲོན་བཅས་ཀྱི་དགོན་པ་ཆེ་ཆུང་ཁ་ཤས་ལའང་ཁྱབ་ཅིང་།དམངས་ཁྲོད་ནས་ཀྱང་རྣམ་ཐར་ཟློས་གར་ལ་ལད་ཟློས་བྱས་སྟབས་ས་ཁུལ་སོ་སོའི་ཟློས་གར་ཚོགས་པ་དང་འཁྲབ་གཞུང་ཡང་ཇེ་མང་དུ་སོང་སྟེ་རྣམ་ཐར་ཟློས་གར་དེ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཟློས་གར་གྱི་རྣམ་པ་ཞིག་ཏུ་གྱུར།

རྣམ་ཐར་ཟློས་གར་གྱི་བྱུང་རབས་མདོ་ཙམ་བརྗོད་པ།

༢.རྣམ་ཐར་ཟློས་གར་གྱི་འཕེལ་རྒྱས། ཀྲུང་གོ་གསར་བ་དབུ་བརྙེས་པ་དང་ལྷག་པར་དུ་སྤྱི་ལོ༡༩༥༣ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་དང་མཉམ་དུ་མི་དམངས་ཀྱི་བསམ་བློ་དེ་སྲོལ་རྒྱུན་གྱི་སྒྲོག་ལས་བཅིངས་གྲོལ་ཐོབ་ནས་རིག་གནས་འཚོ་བ་ཉིན་བཞིན་ཡར་རྒྱས་དང་རྣམ་ཐར་ཟློས་གར་མུ་མཐུད་དུ་ཇེ་མང་དུ་སོང་བ་རེད།སྤྱི་ལོ༡༩༥༥ལོར་བླ་བྲང་དགོན་པའི་རྣམ་ཐར་ཨང་གཉིས་པ་དད་པ་བརྟན་པོ་ཞེས་པ་འཁྲབ་སྟོན་བྱས་ཤིང་།ལོ་དེར་བླ་བྲང་དགོན་པའི་སྔགས་པ་གྲྭ་ཚང་གིས་ཀན་ལྷོ་ས་ཁུལ་གྱི་རྣམ་ཐར་ཟློས་གར་ཨང་གསུམ་པ་དྲིན་མེད་ཀུན་ལྡན་ཞེས་པ་འཁྲབ་སྟོན་བྱས་པ་མ་ཟད།ནུབ་བྱང་ཞིང་ཆེན་ལྔའི་ཟློས་གར་སྐོང་འཁྲབ་ཏུ་ཞུགས་ནས་བྱ་དགའ་དང་པོ་ཐོབ།སྤྱི་ལོ༡༩༥༦ལོར་ཡང་འགྲོ་བ་བཟང་མོ་ཞེས་པའི་རྣམ་ཐར་ཟློས་གར་འཁྲབ་སྟོན་བྱས་ཤིང་།དེ་རྗེས་རྣམ་ཐར་འཁྲབ་གཞུང་དེ་ཀན་ལྷོ་ས་ཁུལ་གྱི་བོད་རིགས་དམངས་ཁྲོད་དུ་རྒྱ་ཆེར་ཁྱབ་བརྡལ་བྱུང་།ཀླུ་ཆུ་དང་རྨ་ཆུ།ཅོ་ནེ།ཐེ་བོ།འབྲུག་ཆུ་སོགས་རྫོང་དང་དགོན་པ།གྲོང་སྡེ་སོགས་སུའང་རྣམ་ཐར་ཚོགས་པ་གང་མང་བྱུང་།ལོ་རབས་ལྔ་བཅུ་བའི་མཇུག ཀན་ལྷོ་ཁུལ་དུ་རྣམ་ཐར་ཚོགས་པ༣༦ལ་འཕར་བ་དང་།འཁྲབ་གཞུང༡༠ཙམ་བྱུང་ཡོད།ཡིན་ནའང་།སྤྱི་ལོ༡༩༥༨ལོར་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་རྒྱུ་ཤུགས་ཆེན་གནང་བ་དང་མཉམ་དུ་རྣམ་ཐར་ཟློས་གར་དེ་རྨོངས་དད་ཆོས་ལུགས་ཁྱབ་བསྒྲགས་དང་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་ལ་བསྟོད་གླུ་འཐེན་པའི་སྒྱུ་རྩལ་རྣམ་པ་ཞིག་ཏུ་ངོས་བཟུང་ནས་བཀག་འགོག་བྱས། ལོ་རབས་དྲུག་ཅུ་བར་ཐོན་དུས།རྣམ་ཐར་སླར་ཡང་དར་ཆེ་བའི་དུས་སྐབས་ཤིག་ལ་སླེབས།བླ་བྲང་དགོན་པའི་རྣམ་ཐར་ཚོགས་པས་སྤྱི་ལོ༡༩༦༠ལོར་རཱ་མ་ཎའི་རྟོགས་བརྗོད་ཅེས་པ་འཁྲབ་སྟོན་བྱས་པ་དང་།སྔགས་པ་གྲྭ་ཚང་གིས་ཀྱང་སྤྱི་ལོ༡༩༦༢ལོར་ཨ་སྟག་ལྷ་མོ་ཞེས་པ་འཁྲབ་སྟོན་བྱས།འོན་ཀྱང་སྐལ་བཟང་གི་དུས་ཡུན་མ་བརྟན་པར།རིག་གསར་བྱ་འགུལ་གྱི་འགོ་བརྩམས་པ་ནས་རྣམ་ཐར་འཁྲབ་སྟོན་ལ་སླར་ཡང་བཀག་སྡོམ་ཐེབས་པ་མ་ཟད།རྣམ་ཐར་ལ་དོ་སྣང་བྱེད་རྒྱུར་དགའ་བའི་སྤྲུལ་སྐུ་དང་དགེ་བཤེས།སྒྱུ་རྩལ་པ་མང་པོ་ཞིག་ལའང་རྡུང་རྡེག་ཚབས་ཆེན་ཐེབས།
 ༣.རྣམ་ཐར་ཟློས་གར་གྱི་བསྐྱར་དར། དུས་རབས་སྔ་མའི་ལོ་རབས་བདུན་ཅུ་བའི་མཇུག་ལ་རྣམ་ཐར་ཟློས་གར་ནི་ལ་ཡང་བསྐྱར་འཕེལ་རྒྱས་སོང་།
  • ལེ་ཚན་སྔོན་མ།:ཁམས་འདྲ་པ་ས་ཁུལ་གྱི་མ་ཎི་ཆོས་བྲོ།
  • ལེ་ཚན་རྗེས་མ།: ཆབ་མདོའི་སྐོར་བྲོ།