རྣམ་ཐར་ཟློས་གར་གྱི་བྱུང་རབས་མདོ་ཙམ་བརྗོད་པ།(2)

ཡོན་ཏན་ལྷུན་གྲུབ།རྡོ་སྦིས་ཀླུ་རྒྱལ་དོན་གྲུབ།        2012-12-14


སྤྱི་ལོ༡༩༧༨ལོར་བསང་ཆུ་རྫོང་རྒྱོའུ་རྒྱ་ཞང་སྔོ་ཁྱོག་སྡེ་བས་ཟློས་གར་རུ་ཁག་བཙུགས་ཤིང་སྲོལ་རྒྱུན་ཟློས་གར་རྒྱལ་སྲས་ནོར་བཟང་དང་བདུད་འདུལ་གཉིས་འཁྲབ་སྟོན་བྱས།སྤྱི་ལོ༡༩༨༠ལོར་བླ་བྲང་དགོན་པའི་སྔགས་པ་གྲྭ་ཚང་གིས་ཁྲི་སྲོང་ལྡེ་བཙན་གྱི་རྣམ་ཐར་འཁྲབ་སྟོན་བྱས།སྤྱི་ལོ༡༩༨༡ལོར་ཀླུ་ཆུ་རྫོང་རིག་རྩལ་ཚོགས་པས་སྲོང་བཙན་སྒམ་པོ་འཁྲབ་སྟོན་བྱས་ཤིང་ལོ་དེར་ཀན་ལྷོ་ཁུལ་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་པ་རེད།སྤྱི་ལོ༡༩༨༢ལོར་ཁུལ་ཡོངས་ཀྱི་རྣམ་ཐར་ཟློས་གར་སྐོང་འཁྲབ་ཐེངས་དང་པོ་གཙོས་ནས་ཚོགས་ཤིང་།དེར་བསང་ཆུ་རྫོང་དང་།ཀླུ་ཆུ་རྫོང་།གཙོས་སོགས་ཀྱི་ཟློས་གར་ཚོགས་པ་དང་ཁུལ་ཟློས་གར་འཚོགས་པ་བཅས་ཞུགས་ནས་ཉིན་བདུན་ལ་འཁྲབ་སྟོན་བྱས།ཐེངས་དེའི་འཁྲབ་སྟོན་དང་འབྲེལ་འདྲེས་ཀྱིས་ཁུལ་ཡོངས་ཀྱི་ཟློས་གར་ཉམས་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་བ་རེད།དེའི་རྗེས་སུ་བསང་ཆུ་རྫོང་གི་རྒྱོའུ་རྒྱ་དང་མདའ་མེ།ཨ་མཆོག་གཙོས་གྲོང་ཁྱེར་གྱི་མཛོ་དགེ་སྟོད་མ་ཞང་།སྨད་མ་ཞང་།ཀླུ་ཤོད་ཞང་གི་སྐྱིས་ནས་སྡེ་བ།ཀླུ་ཆུ་རྫོང་ཟམ་ཚ་ཞང་ཨུར་སྟེང་སྡེ་བ།རྨ་ཆུ་རྫོང་ཉིན་པ་ཞང་སོགས་ཀྱིས་སྔ་གཞུག་ཏུ་ཟློས་གར་ཚོགས་པ་བཙུགས་ནས་ཞང་དང་རུ་སྡེ་ཡི་མང་ཚོགས་ལ་འཁྲབ་སྟོན་ཅི་ནུས་བྱས།
༤.རྣམ་ཐར་ཟློས་གར་གྱི་ཁྱབ་སྤེལ།
ཀན་ལྷོ་ཁུལ་གླུ་གར་ཚོགས་པ་བཙུགས་པ་ནས་བཟུང་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱིས་གསར་རྩོམ་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་ཧུར་བརྩོན་གྱིས་ཞིབ་འཇུག་གང་མང་བྱས་ཤིང་།སྤྱི་ལོ༡༩༨༣ལོར་བོད་ཀྱི་གནའ་བོའི་རྣམ་ཐར་གྲགས་ཅན་གཞོན་ནུ་ཟླ་མེད་ཅེས་པ་གསར་སྒྲིག་དང་འཁྲབ་སྟོན་བྱས་པ་དང་།སྤྱི་ལོ༡༩༨༤ལོར་སྲོལ་རྒྱུན་རྣམ་ཐར་ཆེན་མོ་བརྒྱད་ཀྱི་ནང་གསེས་སྣང་ས་འོད་འབུམ་འཁྲབ་སྟོན་བྱས།སྤྱི་ལོ༡༩༨༥ལོ་ནས་སྤྱི་ལོ༡༩༩༣ལོའི་བར་སྔ་གཞུག་ཏུ་གླིང་སྒྲུང་ལས་ཧོར་གླིང་གཡུལ་འགྱེད་དང་བདུད་འདུལ་བཅས་ཀྱི་འཁྲབ་གཞུང་བསྒྲིགས་ཏེ་འཁྲབ་སྟོན་བྱས།སྤྱི་ལོ༡༩༨༩ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་བོད་ཀྱི་མཁས་པ་སྐལ་བཟང་ཚེ་བརྟན་ལགས་ཀྱིས་བོད་མིས་དབྱིན་ཇིའི་བཙན་འཛུལ་ལ་གཡུལ་རྒོལ་བྱེད་པའི་བརྗོད་བྱ་གཞིར་བཟུང་ནས་བརྩམས་པའི་རྡོ་རིང་ཞེས་པའི་རྣམ་ཐར་འཁྲབ་གཞུང་གསར་བ་འཁྲབ་སྟོན་བྱས།ཉེ་བའི་ལོ་འདི་དག་གི་རིང་ལ་ཚོགས་པ་འདིས་བོད་ཀྱི་སྲོལ་རྒྱུན་ཟློས་གར་སྒྱུ་རྩལ་རྒྱུད་འཛིན་བྱས་ཤིང་།ཕུལ་བྱུང་བརྩམས་ཆོས་གསར་རྩོམ་གྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ།མུ་མཐུད་དུ་བོད་ཀྱི་སྲོལ་རྒྱུན་ཟློས་གར་གྱི་ཤུལ་བཞག་སྔོག་འདོན་དང་དག་སྒྲིག དར་སྤེལ་སོགས་བྱས་པ་རེད།ལྷག་པར་དུ་སྣང་ས་འོད་འབུམ་གྱི་ཟློས་གར་ཡང་བསྐྱར་དག་བཅོས་དང་མཐོར་འདེགས་ཀྱིས་རྩོམ་སྒྲིག་བྱས་པས་ཀན་ལྷོའི་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རྣམ་ཐར་ཟློས་གར་གྱི་སྒྱུ་རྩལ་རང་བཞིན་འབུར་དུ་ཐོན་ཡོད།ཁུལ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་དུས་ཆེན་ཐོག་ཏུ་ཟློས་གར་འདི་འཁྲབ་སྟོན་བྱེད་པ་ལ་རྒྱ་ཆེའི་ལྟད་མོ་པས་དགའ་བསུ་ཆེན་པོ་ཐོབ།དེའི་མཚུངས་སུ།ནང་དོན་ཕུན་སུམ་ཚོགས་ཤིང་དུས་ཀྱི་རིན་ཐུང་འཚམ་ལ།མི་རིགས་ཀྱི་ཁྱད་ཆོས་མངོན་པར་ཕྱུག་པའི་གླུ་གར་ལེ་ཚན་འགའ་ཡང་བཀོད་སྒྲིག་བྱས།ཞིང་འབྲོག་མི་དམངས་ལ་འཁྲབ་སྟོན་བྱེད་རྒྱུ་གཞིར་བཟུང་ནས་ཟློས་གར་དང་གླུ་གར་སྒྱུ་རྩལ་དེ་ཀན་ལྷོ་དང་ཀན་སུའུ།ཐ་ན་ཕྱི་རྒྱལ་སོགས་སུ་འགྲོ་ཐུབ་པར་བརྩོན་ལེན་བྱས་ཏེ་ཁྱབ་སྤེལ་བཏང་བ་རེད།སྤྱི་ལོ༡༩༨༦ལོར་ཚོགས་པ་འདིས་གསར་དུ་སྒྲིག་པའི་རྣམ་ཐར་ཟློས་གར་གཞོན་ནུ་ཟླ་མེད་དང་བདུད་འདུལ་གཉིས་ལྷ་སའི་ཞོ་སྟོན་དུས་ཆེན་དུ་བོད་པའི་སྒྱུ་རྩལ་རིག་ཚོགས་སུ་ཞུགས།སྤྱི་ལོ༡༩༩༥ལོར་ཁུལ་གླུ་གར་ཚོགས་པ་དེ་ཀྲུང་གོ་བོད་ཀྱི་གླུ་གར་ཚོགས་པ་རུ་རྩ་འཛུགས་བྱས་ནས་ཨ་མེ་རི་ཀ་དང་ཁ་ན་ཏ་ལ་འཚམས་འདྲིའི་འཁྲབ་སྟོན་དུ་ཕེབས།སྤྱི་ལོ༡༩༩༧ལོར་སྔ་ཕྱིར་རྒྱལ་ནང་གི་ཀང་ཏུང་དང་ཅང་སུའུ།ཧྲན་ཏུང་།ཧོ་པའེ་སོགས་ཤར་ལྷོའི་མཚོ་འགྲམ་ས་ཁུལ་དང་སྐམ་སའི་གྲོང་ཁྱེར་ཆེ་འབྲིང༣༢ལ་ཕེབས་ནས་འཁྲབ་སྟོན་བྱས།སྤྱི་ལོ༢༠༠༠ལོར་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་བསྐོ་མངགས་ལྟར་ཁོ་རེ་ཡའི་ཨན་ཏུང་རྒྱལ་སྤྱིའི་འབག་བྲོའི་སྒྱུ་རྩལ་དུས་ཆེན་ལ་ཞུགས་པ་དང་།སྤྱི་ལོ༢༠༠༢ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་སྒྲོག་གཞུང་ལས་ཁང་དང་ཞིང་ཆེན་ཕྱི་སྒྲོག་གཞུང་ལས་ཁང་གི་བསྐོ་མངགས་ལྟར་དབྱིན་ཇི་དང་ཧོ་ལན།སུའེ་ཏེན།ནོར་ཝེ་བཅས་ཡོ་རོབ་གླིང་གི་རྒྱལ་ཁབ་བཞི་ལ་སྐོར་བསྐྱོད་འཁྲབ་སྟོན་བྱས་ཤིང་བྱ་དགའ་སྣ་ཚོགས་ཐོབ་པ་རེད།སྤྱི་ལོ༢༠༠༦ལོར།དེང་རབས་བོད་ཀྱི་ཟློས་གར་རྡོ་རིང་ཞེས་པའི་མཚན་བྱང་རྒྱལ་རྩེ་གཡུལ་འགྱེད་ཅེས་པར་བསྒྱུར་ཏེ།འཁྲབ་གཞུང་ལའང་བཅོས་བསྒྱུར་དང་བསྐྱར་སྒྲིག མཐོར་འདེགས་བཅས་གང་ལེགས་བཏང་སྟེ།ཀན་སུའུ་ཞིང་ཆེན་གྱི་འཁྲབ་གཞུང་གསར་བའི་སྐོང་འཁྲབ་ཏུ་ཞུགས་ནས་བྱ་དགའ་གྲངས་ཚན༡༢ཐོབ་ཡོད།
 ༥.བོད་ཀྱི་རྣམ་ཐར་ཟློས་གར་གྱི་རྣམ་གྲངས།
སྤྱི་ལོ༡༩༦༤ལོར་སྲོང་བཙན་སྒམ་པོའི་རྣམ་ཐར་ཐོག་མར་འཁྲབ་སྟོན་བྱས་པ་ནས་བཟུང་།དུས་རབས་ཕྱེད་ཀྱི་རིང་གི་གསར་རྩོམ་འཁྲབ་སྟོན་ཁྲོད།འཁྲབ་རྩལ་གྱི་ཆུ་ཚད་དང་འཁྲབ་གཞུང་གི་གྲངས་ཀ་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་ཞིག་བྱུང་བ་རེད།
ཐོག་མའི་བསྡོམས་རྩིས་ལྟར་ན་སྲོལ་རྒྱུན་གྱི་ཟློས་གར་ཆེན་པོ་བརྒྱད་ཀྱི་ནང་གསེས་འགྲོ་བ་བཟང་མོ་དང་དྲི་མེད་ཀུན་ལྡན།ཆོས་རྒྱལ་ནོར་བཟང་།དད་པ་བརྟན་པོ།སྣང་ས་འོད་འབུམ་སོགས་འཁྲབ་སྟོན་བྱེད་པ་མ་ཟད། གཞན་བོད་ཀྱི་ལོ་རྒྱུས་བརྗོད་བྱ་བྱེད་པའི་ཟློས་གར་སྲོང་བཙན་སྒམ་པོ་དང་།རཱ་མ་ཎའི་རྟོགས་བརྗོད།ཁྲི་སྲོང་ལྡེ་བཙན་བཅས་གར་དུ་འཁྲབ་ལ།ད་དུང་དཔལ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་ལས་ཨ་སྟག་ལྷ་མོ་དང་ཧོར་གླིང་གཡུལ་འགྱེད།བདུད་འདུལ་བཅས་བསྐྱར་སྒྲིག་དང་འཁྲབ་སྟོན་བྱས་པ་མ་ཟད།དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བའི་མཇུག་ལ་གསར་དུ་བརྩམས་པའི་དེང་རབས་རྣམ་ཐར་ཟློས་གར་རྡོ་རིང་ངམ་རྒྱལ་རྩེ་གཡུལ་འགྱེད་ཅེས་པ་འཁྲབ་སྟོན་བྱས་ཤིང་།བསྡོམས་རྩིས་བྱས་ན་འཁྲབ་སྟོན་བྱས་པའི་འཁྲབ་གཞུང་བཅོ་ལྔ་ལྷག་ཡོད།
རྣམ་ཐར་ཟློས་གར་གྱི་འཕེལ་རིམ་ཁྲོད་དུ་འདི་ལྟ་བུའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་མཆིས་ཏེ།འཁྲབ་གཞུང་དེ་སྲོལ་རྒྱུན་གྱི་རྩོམ་སྟངས་ནས་དེང་རབས་གསར་རྩོམ་ལ་ཁ་ཕྱོགས་པ་དང་།བརྗོད་བྱའི་ཆ་ནས་ལོ་རྒྱུས་དོན་རྐྱེན་དངོས་ཡོད་ཀྱི་འཚོ་བར་ཁ་ཕྱོགས་པ་རེད།ག་པར་དུ་དགོན་སྡེ་ནས་དམངས་ཁྲོད་ལ་དར་བ་དང་།དམངས་ཁྲོད་ནས་གར་སྟེགས་ཀྱི་རྣམ་པར་གྱུར་བས་འཁྲབ་སྟོན་གྱི་སྤུས་ཀ་ལ་ངོ་བོའི་ཐོག་ནས་ཡར་རྒྱས་ཆེན་པོ་སོང་ཡོད་པ་མ་ཟད།སྔར་བཞིན་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་མི་དམངས་མང་ཚོགས་ལ་མེད་དུ་མི་རུང་བའི་སྒྱུ་རྩལ་གྱི་ལོངས་སྤྱོད་ཅིག་ཏུ་གྱུར་ཡོད།ད་སྔའི་བར་ཁུལ་ཡོངས་སུ་ཟློས་གར་ཚོགས་པ་བཅུ་ལྷག་ཡོད་ལ་དེ་དག་དམངས་ཁྲོད་དུ་རྩ་བ་གཏིང་ནས་ཚུགས་ཤིང་རྩེ་མོ་གནམ་ལ་རྒྱས་པར་འདུག མདོར་ན།རྣམ་ཐར་ཟློས་གར་ནི་བོད་ཀྱི་ཟློས་གར་གྱི་རིག་ཤིག་ཡིན་པའི་ཆ་ནས་བཤད་ན།དེ་ནི་བོད་ཀྱི་ཟློས་གར་གྱི་མ་ལག་གཅིག་ཡིན་ལ་ས་ཁུལ་རང་བཞིན་ཅན་གྱི་ཟློས་གར་འཁྲབ་རྒྱུན་ཞིག་ཀྱང་ཡིན།དེར་ཨ་མདོའི་ས་ཁུལ་གྱི་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་མ་ཟད།བོད་ཁམས་སྤྱི་དང་རྒྱལ་ཡོངས་ལའང་ཤུགས་རྐྱེན་མི་དམན་པ་བཞག་ཡོད།རྣམ་ཐར་ཟློས་གར་འདི་ནི་བོད་དང་ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་བང་མཛོད་ཁྲོད་དུ་མཚར་སྡུག་གིས་བཞད་པའི་མེ་ཏོག་ཚོམ་བུ་ཞིག་ཡིན་ནོ།།
 
  • ལེ་ཚན་སྔོན་མ།:ཁམས་འདྲ་པ་ས་ཁུལ་གྱི་མ་ཎི་ཆོས་བྲོ།
  • ལེ་ཚན་རྗེས་མ།: ཆབ་མདོའི་སྐོར་བྲོ།