དགེ་འདུན་བསྟན་འཛིན། 2019-01-28
བོད་ཀྱི་ལྷ་མོའི་ཟློས་གར་ནི་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཟློས་གར་གྱི་བྱེ་བྲག་ཅིག་ཡིན་ཞིང་། དེ་ནི་ཐོག་མར་དམངས་ཁྲོད་ཀྱི་གཏམ་བརྗོད་ཟློས་གར་དང་གླུ་གཞས་སོགས་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཀླུང་དུ། མེད་པ་ནས་ཡོད་པ་དང་ཡོད་པ་ནས་རིམ་བཞིན་འཐུས་ཚང་དང་འཕེལ་རྒྱས་སུ་འགྲོ་བའི་རིམ་པ་ཞིག་བརྒྱུད་ཡོད། དེང་གི་གཙུག་ལག་ཁང་དང་ལྡེབས་རིས་རྙིང་པ་སོགས་ལས། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་བཟུང་གླུ་གར་མཚོན་བྱེད་དུ་འཛིན་པའི་ལྷ་མོ་འབག་དཀར་པོའི་འཁྲབ་སྲོལ་ཡོད་པ་མངོན། 《རྒྱལ་རབས་གསལ་བའི་མེ་ལོང་》ལས། “ཆོས་རྒྱལ་ཆེན་པོ་སྐུ་ཡི་སྐྱོ་སངས་ལ།། འབག་དང་སེང་གེ་གཡག་སེང་སྟག་སེང་དང་། རྔ་བྲོ་མཁན་དང་གར་མཁན་ལ་སོགས་ཀྱིས།། རེ་རེ་བཞིན་དུ་གར་དང་རྩེད་མོ་འབུལ།། གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་གཡོ།། སྣ་ཚོགས་དར་གྱིས་ནམ་མཁའ་གང་བར་མཆོད།། ཡིད་འོང་མཛེས་པའི་བུ་མི་བཅུ་དྲུག་གིས།།མཛེས་པའི་རྒྱན་བཅས་མེ་ཏོག་ཐོགས་ནས་ནི།། གླུ་དང་གར་གྱིས་རྣ་བའི་དགའ་སྟོན་འགྱེད།། དགའ་བདེ་སྐྱིད་པའི་བཀའ་ཁྲིམས་མཛད་པའི་ཚེ།། བོད་འབངས་མི་རེས་རྟ་རེ་ཞོན་ནས་རྒྱུག།”ཞེས་བཙན་པོ་སྲོང་བཙན་གྱི་དགེ་བཅུའི་ཁྲིམས་བཅས་པའི་མཛད་སྒོའི་སྟེང་གླུ་གར་གྱི་སྟོན་མོ་གྱ་ནམ་པ་བཤམས་འདུག དེར་བརྟེན་ང་ཚོས་སྐབས་དེ་དུས་ནས་ལྷ་མོ་འབག་དཀར་པོའི་སྲོལ་དེ་དར་ཡོད་པ་ཤེས་ཐུབ། 《སྦ་བཞེད》དུའང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་མཛད་སྒོ་ཐོག་“སྐྱིད་ཀྱི་བྲོ་རེ་བརྡུངས། མི་རེས་གླུ་རེ་བླངས།”ཞེས་འབྱུང་བར་དཔྱད་ན། སྐབས་དེ་དུས་ནས་ལྷ་གསོལ་འདྲེ་ཕུད་དང་བཀྲ་ཤིས་བགེགས་སེལ་སོགས་ཀྱི་དགོས་མཁོ་ལྟར་མི་རྣམས་ཀྱིས་ལྷ་ཚོགས་འདྲ་མིན་གྱི་ཞལ་འབག་གྱོན་ཏེ་འཁྲབ་སྟོན་བྱེད་སྲོལ་དར་བར་རྟོགས་ཐུབ།
དུས་རབས་བཅུ་བཞི་པ་ཕག་གྲུའི་དུས་སྐབས་སུ་འབག་སྔོན་པོ་དེ་གསར་གཏོད་གནང་། སྔོན་པོ་ཞེས་པ་སྐད་ཟུར་ཆག་ནས་སྔོན་པའང་རྔོན་པ་རུ་གྱུར་བར་གྲགས། དེ་ཡང་བོད་རབ་བྱུང་བདུན་པའི་ལྕགས་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ་༡༤༣༠ལོར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་(སྤྱི་ལོ༡༣༦༡ནས་སྤྱི་ལོ་༡༤༨༥)ལྷ་སར་ཕེབས་པའི་སྐབས་སུ་སྐྱིད་ཆུའི་ཉེ་འགྲམ་དུ་ཡུད་ཙམ་ཞིག་ཏུ་སྐུ་ངལ་གསོ་ཞིང་བཞུགས་པ་དེར་མདའ་གཞུ་འཁུར་བའི་མི་ཞིག་དེ་རུ་སླེབས་པར་གྲུབ་ཐོབ་རང་གིས་མདའ་གཞུ་གཡར་ནས་སྐྱིད་ཆུའི་ཕ་རོལ་འཕེན་ཡང་མདའ་དེ་ཆུར་ལྷུང་བས་གྲུབ་ཐོབ་ཀྱི་ཐུགས་ངོར་རྟེན་འབྲེལ་ལེགས་པར་རྟོགས་ནས་ཁོ་བོས་མི་ཕྱུགས་ཀུན་ལ་ཕན་དང་བདེ་བ་འབྱུང་ཆེད་ཆུ་ཀླུང་ཆེན་པོ་སྐྱིད་ཆུ་རྣམས་སུ་ཟམ་པ་དང་གྲུ་ཤན་འཛུགས་དགོས་དགོངས་འཕྲལ། ཀོང་པོའི་ཡུལ་དུ་ཕེབས་ཏེ་དད་སྦྱིན་ཁག་ལ་གྲུ་ཟམ་འཛུགས་དགོས་པའི་ཚུལ་རྣམས་ལྷུག་པོར་གསུངས་བར་བརྟེན། སྦྱིན་བདག་དོན་གྲུབ་རྒྱལ་པོ་སོགས་ཀྱིས་རྒྱུ་ཚགས་གཉིས་ཀས་རོགས་སྐྱོར་མཛད་དེ་ལྕགས་ཀྱི་གཏེར་ཁ་བཞེས། ལྕགས་དེ་དག་མགར་བ་མང་པོས་བཞུ་བརྟུལ་བྱས་ནས་ཟམ་པ་རྒྱག་སར་དབོར་འདྲེན་བྱས། ཟམ་པ་དངོས་སུ་བཙུགས་པ་བཅས་ལས་སྒོ་དུ་མ་སྤེལ་བས་ཐོག་མའི་ཟམ་པ་ནི་ཆུ་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༤༣༣ལོར་བཙུགས་པའི་ཆུ་ཤུར་ཟམ་པ་ཡིན་ཞིང་། སྐབས་དེར་རྒྱུ་ཟོག་གྲོན་ཆེ་བ་དང་མི་ཤུགས་ཀྱིས་མ་འདང་བ་སོགས་ཟམ་བསྐྲུན་ལས་འགན་བདེ་བླག་ངང་མ་གྲུབ་པར་དཀའ་ཚེགས་དུ་མ་འཕྲད། སླར་དད་ལྡན་རྣམས་ལ་དགེ་སྐུལ་སློང་མོ་ཞུ་བའི་ཚེ་ན། དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་གཟུགས་བྱད་མཛེས་ཤིང་གླུ་གར་ལ་མཁས་པའི་བུ་མོ་སྤུན་བདུན་མཐོང་བ་དང་། དེ་དག་ནི་བྱད་གཟུགས་མཛེས་ཤིང་། སྐད་གསང་མཐོ་བ། ངག་དབྱངས་སྙན་འཇེབས་ལྡན་པ། གྲུབ་ཐོབ་རང་གིས་དེ་རྣམས་རྩ་འཛུགས་བྱས་ཏེ་འཁྲབ་སྟོན་སྒྱུ་རྩལ་དང་། རྣ་ཐར་གྱི་ཚིག རྟ་དབྱངས་སོགས་ལེགས་པར་བསླབས་ནས་དབུས་གཙང་གི་ཡུལ་གྲུ་ཁག་ཏུ་དགེ་སྐུལ་སློང་མོ་རུ་འཁྲབ་སྟོན་ལ་ཕེབས། དེ་ལས་བུ་མོ་གཉིས་ཀྱིས་རྔོན་པ་དང་། བུ་མོ་བཞིས་ཨ་ཅེ་ལྷ་མོ། བུ་མོ་གཅིག་གིས་སྦུག་ཆལ་དཀྲོལ། ཁོང་རང་གིས་རྔ་རྡུང་བའི་འགན་བཞེས། བུ་མོ་དེ་ཚོས་འཁྲབ་སྟོན་དམ་ཆོས་ཀྱི་ནང་དོན་གཙོ་བོ་མཚོན་ཞིང་། ངོ་མཚར་རྨད་དུ་བྱུང་བ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཤིན་ཏུ་བཟང་བས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་སྟེ། མི་ཡི་བུ་མོ་མ་ཡིན་འཆི་མེད་ལྷ་ཡི་བུ་མོ་མི་ཡུལ་དུ་ཐོན་ནོ་ཞེས་སྔགས་བརྗོད་ཡང་ཡང་ཐོབ། ཨ་ཅེ་ལྷ་མོ་ཞེས་པའི་མིང་དེ་དེ་ནས་ཐོན། (གཙང་གི་བུད་མེད་དག་ལ་ཨ་ཅེ་ཞེས་འབོད།)
ལི་ཐང་དུ་ལྷ་མོ་འཁྲབ་སྟོན་བྱེད་པ་ནི་ལི་ཐང་སྐྱབས་མགོན་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་འཕྲིན་ལས་མཆོག(༡༩༠༨ནས༡༩༤༧)གིས་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་སྟེ་སྤྱི་ལོ༡༩༤༠ལོར་དངོས་སུ་བཙུགས་པ་ཡིན་ཞིང་། སྐབས་དེར་འཁྲབ་སྟོན་པ་ཉི་ཤུ་རྩ་གཅིག་ལས་མེད་དེ། དེ་དག་ནི་རབ་བྱུང་ངུར་སྨྲིག་ཤ་སྟག་ཡིན། སྐབས་དེ་དུས་སྤྱིར་བོད་ཡོངས་ལ་ལྷ་མོ་འཁྲབ་སྟོན་ཚོགས་པ་སྟེ། རྒྱང་མཁར་བ་དང་། (རྒྱལ་རྩེ་རྫོང་ཁོངས་རྒྱལ་མཁར་ཆོས་རྫོང་ལྷ་མོ་ཚོགས་པ།) ཤངས་པ། (ཤངས་རྣམ་གླིང་རྫོང་ཁོངས་ཤངས་པ་ལྷ་མོའི་ཚོགས་པ) གཅུང་པའམ་འབྲི་གུང་པ།(ངམ་རིང་རྫོང་ཁོངས་གཅུང་རི་བོ་ཆེའི་ལྷ་མོ་ཚོགས་པ) སྐྱོར་མོ་ལུང་པ (ལྷ་སའི་སྟོད་ལུང་བདེ་ཆེན་གྱི་སྐྱོར་མོ་ལུང་པའི་ལྷ་མོ་ཚོགས་པ)བཅས་ཡུལ་ལུང་སོ་སོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྙན་གྲགས་ཤིན་ཏུ་ཆེ་བའི་ལུགས་བཞི་ཡོད་པ་ལས། ལི་ཐང་གི་ལྷ་མོ་འཁྲབ་སྟངས་ནི་སྐྱོར་མོ་ལུང་པའི་ལུགས་ཡིན་ཞིང་། དེའང་ལི་ཐང་སྐྱབས་མགོན་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་འཕྲིན་ལས་མཆོག་གིས་ལྷ་མོ་ཚོགས་པ་འདིའི་ཆེད་དུ་འཁྲབ་སྟོན་པ་གཙོ་བོའང་དགེ་རྒན་བློ་བཟང་དང་ཨ་སྨེ་གཉིས་ཆེད་མངགས་སྒོས་ ལྷ་སའི་སྟོད་ལུང་བདེ་ཆེན་གྱི་སྐྱོར་མོ་ལུང་དུ་ལྷ་མོ་འཁྲབ་སྟོན་བྱེད་པར་སློབ་སྦྱོང་བྱེད་པར་མངགས་ཤིང་། སྐྱོར་མོ་ལུང་པའི་ལུགས་ནི་གོང་སྨོས་ལུགས་ཆེན་བཞི་ལས་སྒྱུ་རྩལ་དང་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེས་འཐུས་ཚང་དང་། མང་ཚོགས་ལས་སྙན་གྲགས་དང་ཤུགས་རྐྱེན་ཆེས་ཆེ་བ་མ་ཟད། དར་ཁྱབ་ཆེས་ཆེ་བའི་ལྷ་མོ་ཚོགས་པ་ཞིག་ཡིན། སྐབས་དེ་དུས་བོད་ལྗོངས་དང་ལྷོ་ཁ་སོགས་ཀྱི་ནམ་མཁའི་སྐར་ཚོགས་ལྟར་མང་བའི་ལྷ་མོའི་ཚོགས་པའི་ནང་དུ་མང་ཆེ་བ་ནི་སྐྱོར་མོ་ལུང་པའི་ལུགས་ཤ་སྟག་ཡིན་ཞིང་། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷ་མོ་ཟློས་གར་ཚོགས་པ་འདི་ཉིད་ཀྱི་ཐོག་མའི་འབྱུང་ཁུངས་ཀྱང་སྐྱོར་མོ་ལུང་པའི་ལུགས་ཡིན། སྐབས་དེ་དུས་ལི་ཐང་གི་ལྷ་མོ་ཚོགས་པའི་འཁྲབ་ཚན་ལ་འགྲོ་བ་བཟང་མོ་དང་། ཆོས་རྒྱལ་ནོར་བཟང་། སྣང་ས་འོད་འབུམ། དྲི་མེད་ཀུན་ལྡན་བཞི་ལས་མེད། དེའང་གཙོ་བོ་དྲུག་པའི་རི་སྐྱབས་དང་ལོ་སར་སྐབས་སུ་འཆམ་དགོས་པ་ཡིན།
ལི་ཐང་གི་ལྷ་མོ་འཁྲབ་སྟོན་བྱེད་པའང་ཡོངས་གྲགས་ལྟར་ངེས་གཏན་གྱི་མི་སྣ་ཡོད་ལ། དེ་དག་ནི་རྔོན་པ་དང་རྒྱ་ལུ། ལྷ་མོ་བཅས་ཡིན་ཞིང་། དེ་དག་ལའང་རང་རང་གི་སྒྱུ་རྩལ་གྱི་སྣང་བརྙན་དང་རང་གཤིས་རེ་ཡོད་པ་མ་ཟད། ལུས་ཀྱི་རྒྱན་གོས་དང་། ཕྱག་མཚན་ཡང་མི་འདྲ་བ་རེ་ཡོད། འཁྲབ་སྟོན་གྱི་སྟངས་སྟབས་ནི་རྒྱལ་བློན་དང་འབངས་སོགས་དྲང་ཕྱོགས་དང་ལྡོག་ཕྱོགས་གི་མི་སྣ་སོ་སོའི་དགོས་དབང་དང་བསྟུན་ནས་མི་སྣ་དང་བརྗོད་བྱའི་དོན་གཉིས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཉམས་འགྱུར་རིགས་དགུའི་དབྱེ་བ་ཡོད་པས་འཁྲབ་བྱའི་མི་སྣའི་བསམ་བློ་རྣམ་པ་མཚོན་པའི་ནུས་པ་དང་ལྡན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་འདུག
ལི་ཐང་གི་ལྷ་མོ་འཁྲབ་སྟོན་སྐབས་ཀྱི་ཆ་ལུགས་ནི། རྒྱལ་བློན་དང་རྒྱལ་སྲས། སྐུ་དྲག་བླ་དྲག་དག་གིས་དབུ་རྒྱན་ཅོག་པན་དང་ལ་ཐོད། སྙན་ཆ་དང་། མགུལ་རྒྱན། མཚོན་སྲུང་གའུ། ཕྱག་གདུབ། སོར་གདུབ། གཡང་ཏྲི་མཐེབ་ཀོར། དར་གོས་སྣ་ཚོགས་སམ་ཕྲུག་དང་འབུ་རས་ཀྱི་སྟོད་གཡོགས་དང་དོར་མ། སྨད་ཤམ། བོད་ལྷམ་མཐིལ་བརྩེགས། གློ་གྲི་དང་གྲི་རིང་། གཡུ་བྱུ་རུ། གཟི་མུ་ཏིག་སོགས་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཞིང་། བཙུན་མོ་དང་སྲས་མོ་དག་གིས་བྱུ་རུ་དང་མུ་ཏིག་གི་སྤ་ཕྲུག་ཡང་ན་གསེར་དངུལ་གྱི་མགོ་ཆ་དྲུག་འཛོམས་སམ་དགུ་འཛོམས(ལི་ཐང་ས་ཆའི་ཐུན་མོང་མ་ཡིན་པའི་རྒྱན་ཆ་སྟེ་འབྲུག་མོ་ལི་ཐང་དུ་ཕེབས་པའི་སྐབས་ཀྱི་ཆ་ལུགས་ཡིན་པ་གྲགས) གའུ། གློ་ཟུང་། ཆམ་མ། སྙན་ཆ་དང་། ཕྱག་གདུབ་དང་། སོར་གདུབ་བམ་མཛུབ་དཀྲིས། མགུལ་རྒྱན། དར་གོས་སྣ་ཚོགས་སམ་ཕྲུག་དང་འབུ་རས་ཀྱི་སྟོད་གཡོགས་དང་དོར་མ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ལྡོག་ཕྱོགས་གི་མི་སྣ་ཚོས་རྒྱན་གོས་ངན་ངོན་ཙམ་དང་མདོག་སྐྱ་བོ་དང་ནག་པོ་གཙོ་བོ་བྱས། ད་ལྟ་ཡིན་ན་འགྲོ་གྲོན་ཆུང་བ་དང་སྐྱེལ་འདྲེན་བྱེད་བདེ་བའི་སླད་དུ་རྒྱན་ཆ་དེ་དག་མཚོན་བྱེད་ཀྱི་འདྲ་བཟོས་པ་ལས་རིན་པོ་ཆེ་དངོས་སུ་མི་འདོགས།
རོལ་ཆ་སྐོར་ལ་གཙོ་བོ་རྔ་དང་སྦུབ་ཆལ། རྒྱ་གླིང་སོགས་ཀྱི་རོལ་ཆའི་རམ་འདེགས་དགོས་ཤིང་། འཁྲབ་བྱའི་མི་སྣའི་ལག་སྟབས་དང་། རྐང་སྟབས། གཟུགས་འགྱུར་བཅས་ལ་བསྟུན་དགོས། ལི་ཐང་གི་ལྷ་མོ་འཁྲབ་སྟོན་གྱི་སྒྲིག་གཞི་སྐོར་ལ་ཡུལ་ཕལ་མོ་ཆེ་དང་མཐུན་པ་སྟེ། གཏམ་རྒྱུན་གང་འདྲ་ཞིག་འཁྲབ་ཀྱང་། ངེས་པར་དུ་འདོན་དང་གཞུང་དང་བཀྲ་ཤིས་བཅས་རིམ་པ་གསུམ་ཚང་དགོས་ཏེ། དེ་ཡང་འདོན་ཞེས་པ་ནི་ཟློས་གར་གྱི་སྔོན་འགྲོ་ཡིན་ཞིང་། དེ་ནི་འཁྲབ་སྟོན་ལ་བར་ཆད་མི་འབྱུང་བ་དང་འཁྲབ་སྟོན་ལེགས་འགྲུབ་ཡོང་ཆེད་དུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་རང་གི་རྩ་བའི་བླ་མ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའམ། ལི་ཐང་སྐྱབས་མགོན་རིན་པོ་ཆེ་དང་། ཡུལ་ལྷ་གཞི་བདག་ལ་གསོལ་བ་འདེབས་བའི་སྲོལ་ཡོད། དེ་ལ་ཡང་བཀྲ་ཤིས་ཤོག་དང་རྔོན་པའི་འདུལ་དང་། རྒྱ་ལུའི་བྱིན་འབབ། ཨ་ཅེ་ལྷ་མོ་བཅས་གསུམ་གྱིས་གྲུབ་ཡོད། གཞུང་ཞེས་པ་ནི་སྐབས་སུ་བབས་པ་གང་འཁྲབ་སྟོན་བྱ་རྒྱུའི་ཟློས་གར་གཏམ་རྒྱུད་དངོས་སམ་འཁྲབ་བྱའི་གཞུང་དངོས་དེ་ལ་ཟེར་ཞིང་། བཀྲ་ཤིས་ཞེས་པ་ནི་བཀྲ་ཤིས་པའི་སྨོན་ཚིག་གིས་སྒོ་ནས་མཇུག་བསྡུ་བའི་རིམ་པ་ཡིན། དེའང་གཙོ་བོ་མི་ལ་ན་ཚ་མེད་པ་དང་། ཕྱུགས་ལ་གོད་ཁ་མེད་པ། ལོ་ཕྱུགས་རྟག་དུ་ལེགས་པ། ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡང་ཡང་འབུལ་བའོ།།
དེ་ཡང་རྐྱེན་ངན་པའི་བར་ཆད་ཀྱིས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ལི་ཐང་ལྷ་མོ་འཁྲབ་སྟོན་ཚོགས་པ་འདི་ཉིད་མིང་གི་ལྷག་མར་གྱུར། ༡༩༧༩ལོའི་ཟླ༦པར་ཚོགས་པ་འདི་ཉིད་མཐོ་གྲོང་གྲོང་བརྡལ་གྱི་མང་ཚོ་རྣམས་ཀྱི་རེ་ཞུ་ལྟར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་སླར་ཡང་འགོ་བཙུགས་ཤིང་དེ་དུས་འཁྲབ་སྟོན་པ་༢༣ཡོད། ལྷ་མོ་འཁྲབ་སྟོན་ཚོགས་པ་འདིས༡༩༨༠ལོར་དཀར་མཛེས་ཁུལ་བཙུགས་ནས་ལོ་ངོ༣༠འཁོར་བའི་ཁུལ་འཛུགས་ཀྱི་སྒྱུ་རྩལ་དུས་ཆེན་སྟེང་དུ་ཚོགས་པ་རང་གིས་གསར་བསྒྲིགས་བྱས་པའི་ལེ་ཚན་འགྲོ་བ་བཟང་མོ་ཞེས་པ་འཁྲབ་སྟོན་བྱས་ནས་ཚང་མས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ལོ་དེའི་ཟླ་བ༡༠པའི་ཚེས༣ཉིན་གྱི་ཤིན་ཧྭ་གསར་འགྱུར་ཁང་གི་ཚགས་པར་སྟེང་དུ་“མི་རིགས་སྒྱུ་རྩལ་སྐྱེད་ཚལ་ཁྲོད་ཀྱི་ཡིད་འོང་མེ་ཏོག་རྐང་གཅིག”ཅེས་ལི་ཐང་གི་ལྷ་མོ་འཁྲབ་སྟོན་སྐོར་ལ་ཆེད་དམིགས་ཀྱི་གསར་འགྱུར་ཡང་འཁོད་འདུག
༡༩༨༡ལོའི་ཟླ་བ་དང་པོར་ལི་ཐང་ལྷ་མོ་ཚོགས་པ་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གདན་འདྲེན་འོག་ཁྲེང་ཏུའུ་དར་དམར་ཟློས་གར་ཁང་དུ་འཁྲབ་སྟོན་ཐེངས་གསུམ་བྱས་པ་མ་ཟད། སྐབས་དེར《འགྲོ་བ་བཟང་མོ》ཞེས་པའི་གློག་བརྙན་ལ་དཔེ་སྟོན་གྱི་འཁྲབ་སྟོན་ཡང་བྱས་པས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་དབུ་ཁྲིད་དག་དང་མང་ཚོགས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་ཡོད་དོ།།
དེ་ནས་འགྲོ་གྲོན་དང་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལི་ཐང་ལྷ་མོ་ཚོགས་པ་འདི་འཁྲབ་སྟོན་གྱི་མཚམས་ཆད། སྤྱི་ལོ༡༩༨༣ལོར་གཙང་ཤུལ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཚེ་རིང་རྡོ་རྗེ་མཆོག་གིས་གཙོ་སྐྱོང་བྱས་ཏེ་ལི་ཐང་འཇའ་བ་ས་ཆའི་དམངས་ཚོགས་ཀྱིས་རྒྱབ་སྐྱོར་རོགས་རམ་འོག་འཇའ་བ་ལྷ་མོ་ཚོགས་པ་བཙུགས། ཚོགས་པ་འདིས་བགྲང་བྱ་སུམ་ཅུའི་རིང་ལ་ཕུལ་བྱུང་རིག་གནས་སྒྱུ་རྩལ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ། ཁྱད་པར་དུ་ལི་ཐང་གི་དམངས་ཚོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།
དེང་སང་ཡིན་ན། ལི་ཐང་སྐྱབས་མགོན་དཔལ་ལྡན་རྡོ་རྗེ་མཆོག་དང་རྫོང་གི་དབུ་ཁྲིད་དགེ་ལེགས་རྡོ་རྗེས་གཙོས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཐུགས་ཁུར་རྒྱབ་སྐྱོར་འོག བདེ་སྐྱིད་གྲོང་དུ་ལྷ་མོ་ཚོགས་པ་བསྐྱར་འཛུགས་གནང་ཡོད་ཞིང་། འཁྲབ་སྟོན་པ་དང་འཁྲབ་སྟེགས། འཁྲབ་གོས་འཁྲས་ཆས་སོགས་ཆ་རྐྱེན་འཐུས་ཚང་བསྐྲུན་ཡོད་པས། ཁོང་ཚོས་ཀྱང་རྒྱ་ཆེན་གཟིགས་མོ་བའི་སྤྱན་ལམ་དུ་ངོ་མཚར་ལྟ་བས་ཆོག་མི་ཤེས་པའི་འཁྲབ་ཚན་གྱ་ནོར་པ་ཕུལ་དང་འབུལ་མུས་སུ་མཆིས་པས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།
རྩོམ་གསར། 10