འབའ་ཐང་ལྷ་མོའི་ཟློས་གར།

སྐལ་བཟང་ཐུབ་བསྟན།        2020-09-28

འབའ་ཐང་ལྷ་མོའི་ཟློས་གར།

གཅིག ཨ་ཅེ་ལྷ་མོའི་ཟློས་གར་གྱི་བྱུང་རབས།

    བོད་ཀྱི་ཟློས་གར་ནི་གནའ་བོའི་སྲོལ་རྒྱུན་རིག་གནས་ནང་གི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན་ཞིང་། དེ་ལ་ཁྱད་དུ་འཕགས་པའི་འཁྲབ་གཞུང་ཡོད་ལ་འབུར་དུ་ཐོན་པའི་སྒྱུ་རྩལ་གྱི་རྣམ་ པའང་ཡོད་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་ཅིང་ཁྱད་མཚར་བའི་བློས་བསླངས་དང་ཡིད་དབང་འགུགས་པའི་གཏམ་རྒྱུད་ཀྱིས་ཀྱང་ཕྱུར་བུར་གཏམས་ཡོད། བོད་ཀྱི་ཟློས་གར་ནི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་གླུ་གར་གྱི་རྣམ་པ་ལ་བརྟེན་ནས་བརྗོད་བྱ་མཚོན་པར་བྱས་པའི་ཕྱོགས་བསྡུས་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་ཞིག་ཡིན། ལྷ་མོའི་སྒྱུ་རྩལ་ལ་དུས་ཡུན་རིང་པོའི་ལོ་རྒྱུས་ཡོད། དེའང་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་འགའ་ཞིག་གི་ལྡེབས་རིས་སུ་བཀོད་པ་ལྟར་ན། མི་ལོ་ཆིག་སྟོང་སུམ་བརྒྱའི་གོང་ཚུན་ནས་བོད་དུ་འབག་དཀར་པོ་ཞེས་གདོད་མའི་ལྷ་མོ་འཁྲབ་སྲོལ་ཡོད། དེ་ཡང་རབ་བྱུང་དྲུག་པའི་ཤིང་གླང་ལོ་སྤྱི་ལོ༡༣༨༥ལོར་གཙང་སྟོད་ཀྱི་ཆབ་འོག་ངམ་རིང་རྫོང་གི་འོལ་ཀ་ལྷ་རྩེར་འཁྲུངས་པའི་ཤངས་པ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཀམ་ཀམ་པ་བརྩོན་འགྲུས་བཟང་པོའམ་ཡོངས་གྲགས་སུ་ཐང་སྟོང་རྒྱལ་པོ་ཞེས་འབོད་པས་དགུང་ལོ་ཞེ་ལྔ་སྟེ་ལྕགས་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ༡༤༣༠ལོར་ལྷ་སར་ཕེབས་སྐབས་སུ་སྐྱིད་ཆུའི་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་ཆ་སྟེར་རྒྱུ་མེད་པའི་དཀའ་ངལ་འཕྲད་པ་ནས་བཟུང་། ཉམ་ཐག་པའི་མི་མང་པོས་རང་དང་འདྲ་བའི་དཀའ་སྡུག་མྱོང་དགོས་པ་ལ་ཐུགས་ཀྱིས་མ་བཟོད་དེ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཞག་རྗེས། ཀོང་པོ་སོགས་ས་ཆ་སོ་སོ་ལ་ལྕགས་སློང་དུ་ཕེབས་ཤིང་། སྦྱིན་བདག་དོན་གྲུབ་རྒྱལ་པོ་གཙོས་པས་རྒྱུ་ཚགས་གཉིས་ཀས་རོགས་སྐྱོར་མཛད་དེ་ལྕགས་ཀྱི་གཏེར་ཁ་བཞེས། ལྕགས་དེ་དག་མགར་བ་མང་པོས་བཞུ་བརྟུལ་བྱས་རྗེས་ཟམ་པ་རྒྱག་སར་དབོར་འདྲེན་བྱས་ནས་ཆུ་མོ་གླང་གི་ལོ་སྟེ་སྤྱི་ལོ༡༤༣༣ལོར་ཆུ་ཤུར་ཟམ་པ་ཐོག་མར་བཙུགས། སྐབས་དེར་རྒྱུ་ཟོག་གྲོན་ཆེ་བ་དང་མི་ཤུགས་ཀྱིས་མ་འདང་བ་སོགས་ཟམ་བཟོའི་ལས་ཀ་དཀའ་ཚེགས་ཆེ་བར་བརྟེན་ནས་ཟམ་པ་འཛུགས་པ་ལ་མཐུན་རྐྱེན་བསྒྲུབ་པའི་ཆེད་དུ་ལྷོ་ཁ་འཕྱོངས་རྒྱས་རྫོང་ནས་གླུ་གཞས་ལ་མཁས་པའི་བུ་མོ་བདུན་བདམ་ནས་ལྷ་མོའི་ཟློས་གར་གསར་གཏོད་གནང་སྟེ་གླུ་གར་རུ་ཁག་བཙུགས་པ་དང་། གྲུབ་ཐོབ་རང་ནས་འཁྲབ་སྟོན་གྱི་སྒྱུ་རྩལ་དང་། རྡུང་ལེན་གྱི་ཚིག་དང་རོལ་དབྱངས་སོགས་སློབ་སྟོན་མཛད་ཅིང་འགོ་འཛིན་བཞེས་ཏེ་དབུས་གཙང་ཡུལ་གྲུ་ཁག་གི་དམངས་ཁྲོད་དུ་རྣམ་ཐར་འཁྲབ་པ་དེ་ལ་དེང་སང་ཨ་ཅེ་ལྷ་མོ་ཞེས་ཀུན་གྱི་ངག་ལ་རླུང་ལྟར་གྲགས།  དེ་ནས་མཐུན་རྐྱེན་འཛོམས་པ་དང་བསྟུན་ནས་སྤྱི་ལོ༡༤༧༥ལོ་སྟེ་གྲུབ་ཐོབ་ལྕགས་ཟམ་པ་དགུང་ལོ་བདུན་ཅུའི་ཐོག་ལ་ལྷ་གདོང་ཤན་ཁའི་ལྕགས་ཟམ་ལེགས་གྲུབ་བྱུང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན་ཐང་སྟོང་རྒྱལ་པོས་དབུས་གཙང་ཁམས་གསུམ་ལ་བཞེངས་པའི་ལྕགས་ཟམ༥༨དང་ཤིང་ཟམ༦༠ཡོད་པར་གྲགས་སོ།།

འབའ་ཐང་ལྷ་མོའི་ཟློས་གར།

གཉིས།  ཨ་ཅེ་ལྷ་མོ་ཞེས་པའི་ཟློས་གར་གྱི་མིང་ཐོགས་ཚུལ།

     དེ་ཡང་ཨ་ཅེ་ལྷ་མོའི་ཟློས་གར་ཐོག་མ་འཁྲབ་མཁན་བུ་མོ་དེ་དག་ནི་སྐྱེས་གཟུགས་མཛེས་ཤིང་ལྷ་ཡི་བུ་མོ་དང་འདྲ་ཞིང་། འཁྲབ་གོས་ཐད་ཐུན་མིན་ཁྱད་ཆོས་ལྡན་པའི་རྒྱན་གོས་ངོ་མཚར་ཆེ་བ། འཁྲབ་གདངས་མཐོ་བརྗིད་ལྡན་ལ་སྙན་འཇེབས་ཆེ་བ། འཁྲབ་སྟབས་ཉམས་འགྱུར་འབུམ་གྱིས་ཕྱུག་པ། འཁྲབ་སྟོན་ནང་དོན་ཆོས་འཇིག་རྟེན་གཉིས་ཆ་འདུས་པ། གཞི་རིམ་མང་ཚོགས་ཀྱི་སེམས་ཁམས་དང་ཉེ་ཞིང་གོ་བསྐོན་སློབ་གསོའི་རང་བཞིན་ཆེ་བ། དེ་ལྟར་ཕྱིའི་རྣམ་པ་དང་ནང་གི་དོན་སྙིང་གང་ཅིའི་ཐད་ལ་མི་ཡུལ་གྱི་བུ་མོ་མི་འདྲ་བ་ལྷ་དང་ལྷ་མོ་རྣམས་ཀྱིས་གླུ་ལེན་གར་འཁྲབ་བྱེད་པ་ལྟ་བུའི་སྒྱུ་རྩལ་ངོ་མཚར་བ་ཞིག་མང་ཚོགས་ལ་བསྟན་པ་འདྲ་བ་རྒྱུ་མཚན་བྱས་ཏེ་ཨ་ཅེ་ལྷ་མོའི་ཟློས་གར་ཞེས་མིང་ཡང་ཐོགས་པ་རེད།

འབའ་ཐང་ལྷ་མོའི་ཟློས་གར།

གསུམ། ལྷ་མོའི་ཟློས་གར་གྱི་ཞལ་འབག

    ལྷ་མོའི་ཟློས་གར་གྱི་ཞལ་འབག་གི་རྒྱུ་ཆ་ལ་སྲ་མཉེན་གཉིས་ཡོད་པས་སྲ་བའི་རིགས་ནི་དངུལ་དང་། ཟངས། གསེར། ཤིང་། རས་བསེ་དང་ཤོག་བསེ་ཀོ་བསེ་སོགས་ཡིན། མཉེན་པ་ནི་རས་དང་། སྣམ་ཕྲུག  ཕྱིང་བ། ཤོག་བུ། པགས་པ་སོགས་ཀྱིས་བཟོས་ཡོད། བོད་ཀྱི་ལྷ་མོའི་ཟློས་གར་གྱི་ལེའུ་གང་ཞིག་འཁྲབ་ཀྱང་རས་འབག་ཚོས་གཞི་འདྲ་མིན་སྣ་ཚོགས་གྱོན་པའི་སྲོལ་ཡོད། བོད་རིགས་ཀྱི་ལྷ་མོའི་སྒྱུ་རྩལ་ལ་ལུགས་མི་འདྲ་བ་གཉིས་ཏེ། སྔ་དར་བཀྲ་ཤིས་ཞོལ་པའི་འབག་ནི་གོང་གི་མགོ་སྐྱེས་སྐྲ་ལོ་ནས་འོག་གི་ཨོག་ཚོམ་བར་ཡོངས་རྫོགས་ལྷ་མོའི་སྒྱུ་རྩལ་གསར་གཏོད་མཛད་མཁན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་བཞིན་གྱི་བཀོད་པ་མཚོན་ཚུལ་དུ། འབག་གི་སྐྲ་ལོའི་དོད་དུ་རྭ་ལྤགས་དཀར་པོས་བརྒྱན་ཡོད། དེ་ཡང་ཐང་སྟོང་རྒྱལ་པོ་མཆོག་ནི་དགུང་ལོ་ཤིན་ཏུ་བགྲེས་པར་བརྟེན་དབུ་ལོ་དང་། ཞལ་རྒྱན། སྤྱན་སྤུ་བཅས་དཀར་པོ་དུང་གི་མདངས་ལ་འགྲན་པ་ལྟ་བུ་ཡོད་པས་དེ་ལྟར་གསལ་བར་མཚོན་བྱེད་ཡིན་པའི་ཁར། ད་དུང་རྭ་ལྤགས་དཀར་པོས་བརྒྱན་པ་དེ་ལ་ཚེ་རིང་གཡང་ཆགས་ཞེས་བརྗོད་སྲོལ་འདུག་པ་ནི་མི་རྒན་པ་རྣམས་ཚེ་རིང་ལ་ནད་དཀོན་པ་དང་། དར་མ་དང་གཞོན་སྐྱེས་རྣམས་མི་ནོར་ལོངས་སྤྱོད་ཤེས་རབ་འཕེལ་བའི་མཚོན་རྟགས་ཡིན། དཔེར་ན་བཀྲ་ཤིས་ཞོལ་པ་དང་། སྙེ་མོའི་དར་རོང་ལྷ་མོ་ལྟ་བུ་རེད། ཕྱིས་དར་ལྷ་མོའི་འབག་སྔོ་ནག་ནི་དྲག་པོ་དང་། དཔའ་བོའི་མཚོན་བྱེད་ཡིན། ལྷ་མོའི་སྔོན་འགྲོའི་འཁྲབ་ཚན་རྔོན་པའི་གྱོན་འབག་དེ་སྔ་དུས་སུ་འབག་དཀར་པོ་ཡིན་པ་ལ་རྗེས་སུ་སྔོ་ནག་དྲག་པོའི་ཆ་བྱད་ལ་བསྒྱུར་བས་མ་ཚད། བཀྲ་ཤིས་རྟགས་བརྒྱད་ཀྱི་གོ་དོན་ཡོད་པ་སྟེ། གདོང་གོང་གི་མེ་ལོང་སྔོ་ནག་དེ་གཏེར་ཆེན་བུམ་པའི་མཚོན་རྟགས་དང་། ཁ་མིག་གཉིས་དང་སྨིན་མ། ཁུར་ཚོས། ལྐོག་མ་བཅས་ཀྱི་འཛོམས་རྒྱན་དག་ནི་པད་མ་འདབ་བརྒྱད་ཀྱི་མཚོན་རྟགས། སྣ་རྒྱན་པ་ཏྲ་ལ་སི་ཤན་ཚོས་སྣས་བརྒྱན་པ་དག་ནི་དཔལ་བེའུ་མཚོན་བྱེད་ཡིན། དཔྲལ་བར་ཉི་ཟླའི་དཀྱིལ་འཁོར་གྱི་དབྱིབས་རིས་བཀོད་པ་ནི་ཆོས་ཀྱི་འཁོར་ལོའི་མཚོན་རྟགས། སྣ་ཁུང་གི་རྩེར་འགྲོན་བུ་རྡོག་གཅིག་འཕྱང་འཕྲུལ་དུ་བཏགས་པ་ནི་དུང་དཀར་པོ་གཡས་འཁྱིལ་གྱི་མཚོན་རྟགས། དཔྲལ་བའི་དབུས་ནས་རྣ་གཡོག་བར་ཁེབས་པའི་གོས་རྒྱ་སེའི་ཐོད་སྐོར་དག་ནི་གསེར་གྱི་ཉ་ཆུང་ཁ་སྤྲོད་ཀྱི་མཚོན་རྟགས། ནོར་བུས་བརྒྱན་པའི་ཐོག་དང་། དེའི་སྟེང་གི་འཁྱིལ་སྣ་གྱེན་དུ་ཕྱོགས་པ་ནི་རིན་ཆེན་གདུགས་དཀར་གྱི་མཚོན་བྱེད། གོས་ཚོས་སྣ་ཚོགས་ལས་གྲུབ་པའི་རྒྱབ་དར་དེ་བཞིན་ཆོས་ཀྱི་རྒྱལ་མཚན་གྱི་མཚོན་རྟགས་བཅས་ཡིན་པ་རེད། དཔེར་ན་ལྷ་སའི་སྐྱོར་མོ་ལུང་གི་ལྷ་མོ་དང་།  གཞིས་ཀ་རྩེ་རིན་སྤུངས་རྫོང་གི་རྒྱང་མཁར་ལྷ་མོ།  ངམ་རིང་རྫོང་གི་ཁྱུང་པ་ལྷ་མོ། རྣམ་གླིང་རྫོང་གི་ཤམ་པ་ལྷ་མོ་ལྟ་བུ་རེད། འབག་གི་ཚོས་གཞི་དམར་པོར་སྨ་ར་དང་སྨིན་མ་ནག་པོ་བྱས་པ་དེ་རིགས་ནི་ཡབ་རྒྱལ་པོ་སོགས་སྐྱེས་པའི་བརྗིད་རྔམས་མཚོན་བྱེད་ཡིན། ཡུམ་ཆེན་ཨ་མའི་ཞལ་འབག་ཚོས་གཞི་ལྗང་གུ་ཡིན་པ་དེ་ནི་སྔོ་ལྗང་མཚོན་གྱི་མཛེས་ཆ་ཡིན་ཟེར་བས་བུད་མེད་ཀྱི་མཛེས་འཆོས་མཚོན་ཞིང་། དྲང་སྲོང་གི་འབག་གཞི་སེར་སྐྱ་དང་སྨ་ར་སྨིན་མ་དཀར་པོ་སོགས་གོང་གསལ་ཐང་སྟོང་རྒྱལ་པོའི་ཞལ་མཚོན་བྱེད་ཡིན། ཡ་མ་གནྡེའི་འབག་ཕྱེད་དཀར་ཕྱེད་ནག་བྱས་པ་དེ་ནི་དབྱེན་སྦྱོར་དཀྲུག་ཤིང་མཁན་ངོ་གཉིས་མཚོན་བྱེད་ཡིན་པ་སོགས་སོ་སོར་རྒྱུ་མཚན་ངེས་ཅན་རེ་ཡོད། 

འབའ་ཐང་ལྷ་མོའི་ཟློས་གར།

བཞི། འབའ་ཐང་གི་ལྷ་མོ་ཚོགས་པ་སྟེ་རྒྱང་མཁར་རའི་ལོ་རྒྱུས་མདོར་བསྡུས། 

     འབའ་ཐང་ལྷ་མོ་ཚོགས་པ་སྟེ་རྒྱང་མཁར་ར་ཞེས་པའི་མིང་ནི་བོད་ལྗོངས་གཞིས་ཀ་རྩེ་རིན་སྤུངས་རྫོང་ཆོས་རྫོང་དགོན་གྱི་རྒྱང་མཁར་ཆོས་རྫོང་ལྷ་མོ་ཚོགས་པའི་མིང་འབའ་སྐད་ཐོག་ནས་ཟུར་ཆགས་པར་གྲགས་ཤིང་། གྲུབ་ཐོབ་ལྕགས་ཟམ་པས་ལྷ་མོའི་ཚོགས་པ་དང་པོ་བཙུགས་རྗེས་རིམ་བཞིན་མང་དུ་སོང་ནས་དུས་རབས་བཅོ་བརྒྱད་པའི་ཡས་མས་སུ་སླེབས་སྐབས་བོད་དུ་སྐད་གྲགས་ཆེ་བའི་ལྷ་མོའི་ཚོགས་པ་སྐྱོར་མོ་ལུང་དང་རྒྱང་མཁར་བ། ཤངས་པ། གཅུང་པ། འབྲི་གུང་པ་སོགས་བྱུང་ཞིང་། འབའ་ཐང་གི་ལྷ་མོ་ཚོགས་པ་རྒྱང་མཁར་ར་ནི་རྒྱང་མཁར་བ་ནས་རྒྱུད་སྤེལ་བྱུང་བར་བཤད། 《འབའ་ཐང་རྫོང་གི་ལོ་རྒྱུས་དེབ》ནང་དུ་བཀོད་པར་གཞིགས་ན། ཆིང་རྒྱལ་པོ་ཧྲུན་ཀྲི་སྟེ་ཐབས་སྐྱོང་རྒྱལ་པོའི་ཁྲི་ལོ་བཅུ་པ་སྟེ(༡༦༥༣ལོར)རྒྱལ་དབང་སྐུ་ཕྲེང་ལྔ་པས་དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་འབའ་ཐང་དུ་མངགས་ཏེ་འབྲས་སྤུངས་དགོན་བློ་གསལ་གླིང་གི་དཔེ་ལྟར་འབའ་ཆོས་སྡེ་དགོན་ཕན་བདེ་གླིང་གི་འདུ་ཁང་གསར་བཞེངས་གནང་དུ་བཅུག་པ་དང་། འདུ་ཁང་བཞེངས་གྲུབ་ནས་རབ་གནས་དགའ་སྟོན་བྱེད་སྐབས། འབའ་ཆོས་སྡེ་དགོན་གྱི་བསྟན་བདག་འབའ་ལཱ་ཁ་བླ་མ་སྐུ་ཕྲེང་བཅུ་བཞི་པ་མགོན་དཀར་བློ་བཟང་ཆོས་གྲུབ་ཀྱིས་བོད་ནས་གདན་པའི་ལྷ་མོ་ཚོགས་པའི་མཁས་ཆེན་ཆོས་འགྱུར་ལགས་ཀྱི་ཁྲིད་སྟོན་འོག  གྲྭ་བ་འགའ་ཞིག་གིས《རྒྱང་མཁར་ར》དང་《བཀྲ་ཤིས་ཞོལ་བ》《ཆོས་རྒྱལ་ནོར་བཟང་》སོགས་ཀྱི་ཟློས་གར་འཁྲབ་པ་བཤད་ཡོད་པ་རེད། འཁྲབ་ཚན་འདི་དག་རྗེས་སུ་ལི་ཐང་དང་མགར་ཐར། དཀར་མཛེས། སྡེ་དགེ་སོགས་སུ་དར་ཁྱབ་སོང་ཡོད། དེ་ནས་བཟུང་བོད་ཀྱི་ཟློས་གར་དེ་འབའ་ཐང་དུ་ཟམ་མི་ཆད་པར་གོང་འཕེལ་བྱུང་བ་དང་ཆབས་ཅིག་རིམ་བཞིན་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འབའ་ཐང་གི་རྒྱང་མཁར་ར་ཞེས་པ་དེ་ཆགས་ནས་ད་ལྟའི་བར་དུ་ལོ་ངོ༣༨༠ལྷག་གི་ལོ་རྒྱུས་ཡོད་ཅིང་དཀར་མཛེས་རང་སྐྱོང་ཁུལ་ལ་བཤད་ན་ལོ་རྒྱུས་སྔར་ཤོས་ཡིན་པ་རེད།

      འབའ་ཐང་རྒྱང་མཁར་ར་དང་ཐོག་འཛུགས་མཁན་དགོན་པ་ཡིན་ཞིང་འཛུགས་པའི་དམིགས་ཡུལ་ནི་དགོན་པ་རང་གི་དབྱར་ཟླ་གསུམ་སྟེ་དབྱར་གནས་ཀྱི་དུས་སུ་དབྱར་འཆམ་བྱེད་ཆེད་ཡིན་ལ། རིག་གནས་ཀྱི་འཚོ་བ་ཧ་ཅང་དཀོན་པའི་སྐབས་དེར་གར་འཆམ་དེ་དག་ལ་དགོན་སྡེས་མ་ཚད་ཡུལ་པས་ཀྱང་དགའ་པོ་ཆེན་པོ་བྱས་པ་རེད། དེ་ནས་རིམ་བཞིན་གོང་འཕེལ་ཕྱིན་ནས་དགོན་སྡེའི་གར་འཆམ་ནས་ལོགས་སུ་བཀར་པའི་མང་ཚོགས་རང་བཞིན་གྱི་སྒྱུ་རྩལ་རྣམ་པར་གྱུར།

      ཆིང་ཀོང་ཞི་ཁྲི་ལོ་སོ་གཉིས་པ་སྟེ་སྤྱི་ལོ༡༩༠༦ལོར་ཆིང་རྒྱལ་རབས་ཀྱི་བློན་པོ་ཀྲའོ་ཨེར་ཧྥེང་གིས་འབའ་ཐང་དོན་རྐྱེན་བཟོས་རྗེས། ལྷ་མོ་ཟློས་གར་ལ་ཡང་གྱོང་གུན་ཚབས་ཆེན་ཐེབས་ཤིང་ལོ་མང་པོར་འཁྲབ་མཚམས་བཞག་པ་རེད། དེ་ནས་ཆུ་འཁོར་གཉའ་མ་དང་ཨ་མཚོ་སོགས་ཡུལ་པ་སྐུ་དྲག་མི་སྣ་ཉི་ཤུ་ལྷག་གིས་རྒྱང་མཁར་རའི་ལྷ་མོ་ཟློས་གར་ཚོགས་པ་བསྐྱར་དུ་བཙུགས་ནས། འབའ་ཐང་གི་ལྷོ་བྱང་ནང་དང་བདེ་ཐང་སྒང་། ཚ་ཤོད་བཅས་སུ་འཁྲབ་སྟོན་བྱས་པས་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ་པར་མ་ཟད། ལྷ་མོ་ཟློས་གར་གྱི་སྒྱུ་རྩལ་རྒྱུན་འཛིན་ཡང་ཐུབ་ཡོད།

     འབའ་ལ་མཁའ་བླ་མ་སྐུ་ཕྲེང་བཅུ་དགུ་པའི་སྐབས་སུ་འབའ་ཐང་ལྷ་མོ་ཚོགས་པས་ལོ་རེའི་ལུགས་རྙིང་ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ནས་འབའ་ཉ་ཆུང་སྟེང་དུ་སྤོས་ནས་འཁྲབ་སྟོན་གྱི་གྲ་སྒྲིག་བྱ་རྒྱུའི་གཏན་འཁེལ་བྱས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཏང་དང་སྲིད་གཞུང་གིས་བོད་ཀྱི་ཟློས་གར་ལ་ཐུགས་ཁུར་གནང་ཞིང་མི་རིགས་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལས་དོན་ལ་མཐོང་ཆེན་ཆེན་པོ་གནང་བ་རེད། ༡༩༥༠ལོའི་ཟླ་བ༣པར་མི་དམངས་བཅིངས་འགྲོལ་དམག་དར་རྩེ་མདོར་སླེབས་དུས། འབའ་ཐང་ལྷ་མོ་ཚོགས་པའི་གྲུབ་མི་ཁ་ཤས་ལ་བོད་དམངས་གཙོ་གཞོན་ནུ་མནའ་མཐུན་ཚོགས་པའི་བློ་མཐུན་ཀྲའོ་ཁང་གིས་རྒྱབ་སྐྱོར་འོག་ཏུ། དར་མདོའི་ཐང་ཆེན་དུ་མི་དམངས་བཅིངས་འགྲོལ་དམག་མི་ལ་ཆེད་དུ་《ཆོས་རྒྱལ་ནོར་བཟང་》གི་རྣམ་ཐར་ཚན་པ་ཞིག་འཁྲབ་པ་དང་། མཐའ་སྐོར་གྱི་མང་ཚོགས་ཚང་མ་ལྟད་མོ་ལྟ་སར་ཡོང་ཞིང་སྐད་གྲགས་ཆེན་པོ་ཁྱབ་ཡོད་པ་རེད། སྤྱི་ལོ༡༩༥༠ལོའི་ཟླ་བ༡༡་པའི་ཚེས༡༧ཉིན། ཞི་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དར་མདོར་དབུ་བརྙེས་དུས། འབའ་ཐང་ལྷ་མོ་ཚོགས་པ་ཚོགས་ཆེན་དུ་འཁྲབ་སྟོན་ཡོང་དགོས་པ་ཡིག་ཐོག་ནས་ཆེད་དུ་གདན་ཞུ་བྱས་པ་རེད། སྐབས་དེའི་འཁྲབ་སྟོན་དུ《ཀ་ལ་དབང་པོ》སོགས་སྲོལ་རྒྱུན་གྱི་ཟློས་གར་འཁྲབ་ཚན་བཞི་འཁྲབ་པ་དང་། ལྟད་མོ་ལྟ་མཁན་མང་ཞིང་འཁྲབ་རྩལ་ཡག་ལ་འཁྲབ་སྟོན་དུས་ཡུན་རིང་བས་ལས་རིགས་ཁག་གི་མི་སྣས་གདེང་འཇོག་ཡག་པོ་བྱས་པ་རེད། ༡༩༥༨ལོའི་དགུན་ཁར། འབའ་ཐང་ལྷ་མོ་ཚོགས་པས་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་བྱས་ནས་ཡུན་ནན་ཁོན་མིང་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་དུ་ཞུགས་པ་རེད། འབའ་ཐང་ལྷ་མོ་ཚོགས་པའི་འཁྲབ་སྟོན་ལ་རྒྱལ་ཁབ་རིག་གནས་པུའུ་ཡིས་གདེང་འཇོག་གང་ལེགས་ཐོབ་ཡོད། ཐེངས་དེའི་འཁྲབ་སྟོན་མདོ་འཛིན་བྱེད་མཁན་རིག་གནས་པུའུ་ཡི་པུའུ་ཀྲང་ཞ་ཡན་གྱིས་འབའ་ཐང་ལྷ་མོ་ཚོགས་པའི་གྲུབ་མི་ཡོངས་རྫོགས་ལ་མཇལ་འཕྲད་གནང་བར་མ་ཟད། འབའ་ཐང་ལྷ་མོ་ཚོགས་པ་ལ་གངས་རིའི་ཐོག་གི་ཤིང་པད་དམར་པོ་ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་དང་། འབའ་ཐང་རྒྱང་མཁར་ར་ཞེས་པ་དེ་འབའ་ཐང་ལྷ་མོ་ཚོགས་པ་ཞེས་པའི་མིང་དུ་བསྒྱུར་བ་རེད། ༡༩༦༤ལོར་འབའ་ཐང་ལྷ་མོ་ཚོགས་པས་དཀར་མཛེས་ཁུལ་གྱི་ཚབ་བྱས་ནས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་ལྷོ་ནུབ་ས་ཁུལ་ཟློས་གར་རིག་རྩལ་ལྷན་འཁྲབ་ཏུ་ཞུགས་ནས་རང་གིས་རྩོམ་སྒྲིག་བྱས་པའི་དེང་རབས་ཟློས་གར《སྟོན་དུས》ཞེས་པ་འཁྲབ་པ་དང་བྱ་དགའ་དམིགས་བསལ་ཅན་ཐོབ་པ་རེད། རིག་གནས་གསར་བརྗེའི་དུས་སྐབས་སུ་འབའ་ཐང་ལྷ་མོ་ཟློས་གར་ལ་ཉམས་ཉེས་ཚབས་ཆེན་བྱུང་ཞིང་། ཟློས་གར་འཁྲབ་ཡུལ་ཉ་ཆུང་སྟེང་ཞིང་རར་བསྒྱུར་བ་དང་ལོ་བཅུ་ཕྲག་ཁ་ཤས་ལ་བཟོས་པའི་འཁྲབ་གོས་དང་འཁྲབ་ཆས་སོགས་རྩ་མེད་དུ་སོང་བ་རེད། མི་བཞི་ཤོག་ཁག་རྩ་མེད་དུ་བཏང་རྗེས་དང་། ཁྱད་པར་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས་པ་ནས་བཟུང་། ཏང་གི་སྲིད་ཇུས་བཟང་པོའི་འོག་ཏུ་འབའ་ཐང་ལྷ་མོ་ཟློས་གར་ལ་སླར་ཡང་གསོན་ཤུགས་རྒྱས་པ་རེད། ༡༩༧༩ལོར་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རོགས་སྐྱོར་ཆེད་དངུལ་སྒོར་ཁྲི་གཅིག་ལྷག་བཏང་བ་དང་། ཁུལ་དང་རྫོང་གི་རིག་གནས་སྡེ་ཚན་གྱིས་ཀྱང་སྔ་ཕྱིར་སྒོར་ཁྲི་གཉིས་ལྷག་བཏང་ནས་ཟློས་གར་ཚོགས་པའི་སྡོད་ཁང་དང་ཉ་ཆུང་སྟེང་གི་ཕྱིའི་ལྕགས་རི་བཅས་བསྐྲུན་ཞིང་། འཁྲབ་ཆས་དང་འཁྲབ་གོས་འབོར་ཆེན་ཡང་ཉོས་ཡོད་པ་རེད། དེ་ནས་བཟུང་བོད་ཀྱི་ཟློས་གར་གྱི་ཚེ་སྲོག་གི་རྒྱུན་བསྐྱངས་ཐུབ་ཡོད་པ་རེད། དུས་རིམ་དེར་འབའ་ཆོས་སྡེ་དགོན་གྱི་འཇུ་ལ་སྤྲུལ་སྐུ་མཆོག་གིས་སྲིད་གཞུང་ལ་རམ་འདེགས་གང་ལེགས་གནང་སྟེ་འབའ་ཐང་ལྷ་མོ་ཚོགས་པའི་ལས་དོན་ལ་ཕྱོགས་སོ་སོ་ནས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་ཅིང་། རིག་གནས་ཀྱི་ཤུལ་བཞག་འདི་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བར་ཁོང་གིས་དགོངས་པ་མ་རྫོགས་བར་དུ་འགན་འཁྲི་དང་ལེན་གནང་ཡོད་པ་རེད། ༡༩༨༠ལོར་སི་ཁྲོན་ཞིང་ཆེན་གླུ་གར་ཚོགས་པ་འབའ་ཐང་དུ་བཅར་འདྲིར་བསླེབས་ཤིང་། འབའ་ཐང་ལྷ་མོ་ཚོགས་པས་ཆེད་དུ་བོད་ཀྱི་སྲོལ་རྒྱུན་ཟློས་གར《འགྲོ་བ་བཟང་པོ》འཁྲབ་པ་དང་། སི་ཁྲོན་ཞིང་ཆེན་གླུ་གར་ཚོགས་པས་གླུ་བྲོ་ཟློས་གར་ཆེ་གྲས《འགྲོ་བ་བཟང་པོ》གསར་དུ་རྩོམ་སྒྲིག་བྱེད་པར་རྒྱུ་ཆ་དང་དཔྱད་གཞིར་གང་ལེགས་བཏོན་ཡོད་པ་རེད། ༡༩༨༡ལོའི་ཟླ་བ༩པར། འབའ་ཐང་རྫོང་གིས་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱིས་སྒྲིག་འཛུགས་བྱས་པའི་ལས་ཞོར་ཟློས་གར་འཁྲབ་སྟོན་ཐེངས་དང་པོ་སྒྲུབ་གཉེར་བྱས་པ་རེད། སྐབས་དེར་འཛམ་ཐང་དང་ཁྱུང་མཆུ། མཛོད་དགེ། འབའ་ཐང་། ལི་ཐང་། གསེར་ཐར། དར་མདོ་བཅས་རྫོང་ཁག་བརྒྱད་འཁྲབ་སྟོན་དུ་ཞུགས་ཡོད་ཅིང་། ད་དུང་བོད་ཞོལ་པ་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་ཤིང་ཀན་ལྷོ་བོད་ཀྱི་ཟློས་གར་ཚོགས་པས་མི་མངགས་ནས་ལྟ་སྦྱོང་བྱས་པ་རེད།

    འཁྲབ་སྟོན་བྱེད་མཁན༣༥༠ཡོད་ཅིང་འཁྲབ་ཚན༡༥འཁྲབ་པ་རེད། ཐེངས་དེའི་འཁྲབ་སྟོན་ནི་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ལ། འཁྲབ་སྟོན་དེ་བརྒྱུད་ནས་ཕན་ཚུན་སློབ་སྦྱོང་དང་ཐུན་མོང་ཡར་ཐོན། མཐུན་སྒྲིལ་དམ་ཟབ། ཉམས་མྱོང་སྤེལ་རེས་བཅས་བྱས་ཤིང་། བོད་ཀྱི་ཟློས་གར་བཅོས་བསྒྱུར་དང་གསར་སྐྲུན་བྱེད་པར་ཆ་རྐྱེན་གང་ལེགས་བསྐྲུན་པ་རེད། ༡༩༨༤ལོའི་ཟླ་བ༡༠པའི་ཚེས༡༠ཉིན། འབའ་ཐང་ལྷ་མོ་ཚོགས་པ་དང་འབའ་ཐང་གླུ་གཞས་རུ་ཁག་ལས་གྲུབ་པའི་འཐུས་ཚབ་ཚོགས་པ་དཀར་མཛེས་ཁུལ་དུ་གདན་ཐོག་རི་བོའི་སྟོན་དུས་ཞེས་པའི་རིག་རྩལ་འཁྲབ་སྟོན་ཐེངས་དང་པོར་ཞུགས་པ་རེད། འབའ་ཐང་ལྷ་མོ་ཚོགས་པས་འཁྲབ་སྟེགས་སུ་གསར་དུ་བརྩམས་པའི་བོད་ཀྱི་ཟློས་གར《སྣང་ས་འོད་འབུམ》ཞེས་པ་དེ་འཁྲབ་པ་དང་། ཁུལ་ཨུའི་སྒོ་ཆེན་གྱི་མདུན་དུ་སྲོལ་རྒྱུན་ཟློས་གར《འགྲོ་བ་བཟང་པོ》ཡང་འཁྲབ་ཅིང་། ལྟད་མོ་བ་སྟོང་གསུམ་ལྷག་ཟིན་པ་དང་ཁུལ་དང་རྫོང་། དེ་བཞིན་མི་མང་གི་གདེང་འཇོག་ཡག་པོ་ཐོབ་ཡོད།  ༡༩༨༥ལོའི་ཟླ་བ༡༠པར། ཡུན་ནན་བདེ་ཆེན་རྫོང་གིས་གདན་ཞུ་ལྟར་འབའ་ཐང་ལྷ་མོ་ཚོགས་པས་བདེ་ཆེན་རྫོང་དུ《བཀྲ་ཤིས་ཞོལ་བ》སོགས་སྲོལ་རྒྱུན་ཟློས་གར་འཁྲབ་པ་རེད། བདེ་ཆེན་རྫོང་གི་ལྟད་མོ་བ་རྣམས་ཀྱིས་བོད་ཀྱི་ཟློས་གར་ལྟ་ཐེངས་དང་པོ་ཡིན་པས་ཁྱོད་ཚོས་འཁྲབ་སྟོན་ཡག་པོ་བྱེད་སོང་། ང་ཚོ་བོད་མི་རིགས་ལ་ལོ་རྒྱུས་ཀྱི་ཟློས་གར་འདི་འདྲ་ཡག་པོ་ཡོད་པ་ངོ་མ་སྤོབས་པ་སྐྱེད་འོས་པ་ཞིག་རེད་ཅེས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད་པ་རེད། ༡༩༨༦ལོའི་ཟླ་བ༨པར། བོད་རང་སྐྱོང་ལྗོངས་ཞོ་སྟོན་དུས་ཆེན་གཞུང་ལས་ཁང་གིས་གདན་ཞུས་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་དཀར་མཛེས་ཁུལ་རིག་གནས་ཅུས་ཀྱིས་མངགས་བཅོལ་གནང་ནས་གྲུབ་མི༣༢ལས་གྲུབ་པའི་འབའ་ཐང་ལྷ་མོ་ཚོགས་པ་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་བྱས་ནས་ལྷ་སར་བོད་ལྗོངས་ཞོ་སྟོན་དུས་ཆེན་གྱི་འཁྲབ་སྟོན་དུ་ཞུགས་པ་རེད། ལྷ་སར་འབྱོར་རྗེས་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་དང་ཞོལ་པ་ལྷ་མོ་ཚོགས་པས་དགའ་བསུ་ཆེན་པོ་ཞུས་ཤིང་། འཁྲབ་སྟོན་བྱེད་རིང་ལ་རང་སྐྱོང་ལྗོངས་ཏང་སྲིད་འགོ་ཁྲིད་ཀྱི་མཛའ་བརྩེའི་ཐུགས་ཁུར་དང་ལྗོངས་རིག་གནས་ཅུས་དང་ཞོ་སྟོན་དུས་ཆེན་འགོ་ཁྲིད་ཚོ་ཆུང་གི་སྣེ་ལེན་གཟབ་རྒྱས་ཐོབ་ཅིང་། ཁྲོན་བོད་ཡུལ་གཉིས་ཀྱི་མཛའ་བརྩེ་ལྷག་པར་ཆེ།  ལྷ་མོ་ཟློས་གར་གྱི་གཅེན་གཅུང་མེ་ཏོག་ཟུང་། ཞེས་རྒྱ་བོད་ཤན་སྦྱར་བྱས་ནས་བྲིས་ཡོད་པའི་གཟེངས་དར་ཞིག་ཀྱང་བྱིན་པ་རེད། ༢༠༠༢ལོར་ཡུན་ནན་ཞིང་ཆེན་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་འདུ་ཚོགས་བདེ་ཆེན་སྡེ་ཁུལ་གྱིས་གདན་ཞུས་ལྟར་འབའ་ཐང་ལྷ་མོ་ཚོགས་པས་《སྣང་ས་འོད་འབུམ།》དང་《བཀྲ་ཤིས་ཞོལ་བ།》《རྒྱང་མཁར་ར》སོགས་ཀྱི་ཟློས་གར་འཁྲབ་ཚན་འཁྲབ་ཅིང་། འདུ་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གདེང་འཇོག་ཆེན་པོ་བྱས་ཤིང་བྱ་དགའ་ཨང་དང་པོ་ཡང་ཐོབ་པ་རེད།  ༢༠༡༡ལོར་སི་ཁྲོན་ཁམས་པ་བརྙན་འཕྲིན་ཁང་གིས་གཙོ་གཉེར་བྱས་པའི་ལོ་སར་གྱི་མཉམ་སྤྲོ་དགོང་ཚོགས་ཀྱི་འཁྲབ་འགོ་འབའ་ཐང་གི་བྲོ་རའི་ཟློས་གར《བཀྲ་ཤིས་ཞོལ་བ།》ཞེས་པ་དེ་བཞག་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། 

      དེ་སྔོན་རྫོང་གི་ནོར་སྲིད་ཀྱི་འཁོས་ཀ་ཞན་སྟབས་མ་དངུལ་གཏོང་འཇོག་ཉུང་བ་དང་ལྷ་མོ་ཚོགས་པའི་ཡོང་སྒོ་གཙོ་བོ་ནི་མི་རྣམས་ཀྱིས་ཕུལ་བའི་ཞལ་འདེབས་ལ་བརྟེན་དགོས་པ་རེད། ༢༠༡༢ལོ་ནས་བཟུང་། རྫོང་གིས་ལྷ་མོ་ཚོགས་པའི་འཁྲབ་སྟོན་མི་སྣའི་གླ་ཕོགས་རྫོང་གི་ནོར་སྲིད་སྔོན་རྩིས་སུ་ཚུད་པར་བྱས་ཏེ། མི་རེ་ལ་ཟླ་རེ་སྒོར༡༣༠༠སྤྲད་ཅིང་ལོ་མཇུག་ལ་དམིགས་འབེན་གྲུབ་པའི་བྱ་དགའ་ཡང་སྤྲད་པ་རེད། ད་ལྟར་འབའ་ཐང་ལྷ་མོ་ཚོགས་པ་དེ་ལས་ཞོར་ཚོགས་པ་ཞིག་ནས་ཆེད་ལས་ཀྱི་ཟློས་གར་ཚོགས་པ་ཞིག་ཏུ་གྱུར་ཟིན་ཅིང་། འཁྲབ་ཆས་དང་འཁྲབ་གོས་ཡང་གསར་བརྗེས་ལན་མང་ཐོབ་ཡོད་པ་རེད། དབྱར་གནས་ཀྱི་མཇུག་འགྲིལ་ཉིན་མོར་མི་རྣམས་ཀྱིས་སྔོན་མའི་ལུགས་སྲོལ་རྒྱུན་འཁྱོངས་ནས་རང་ནུས་གང་ལྕོགས་ཀྱིས་ཞལ་འདེབས་ཕུལ་བ་དང་། མཇུག་ཚན་བཀྲ་ཤིས་རྒྱག་པའི་སྐབས་སུ་དུད་མིང་དང་མི་མིང་འབོད་ནས་བཀའ་དྲིན་ཞུས་པའི་སྲོལ་ད་བར་སྐྱོང་བཞིན་ཡོད། བཀྲ་ཤིས་རྒྱག་པའི་ནང་དོན་ཡང་ཐེངས་འདིའི་ཟློས་གར་འཁྲབ་སྟོན་ཕུན་སུམ་ཚོགས་པའི་ངང་གྲུབ་པར་རྟེན་འབྲེལ་ཞུ་བ་དང་། སླད་ཕྱིན་ཆར་ཆུ་དུས་སུ་འབབ་ཅིང་འབྲུ་དྲུག་ལོ་ལེགས་བྱུང་བ། སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་སྡུག་བསྔལ་མེད་པའི་སྨོན་ལམ་བཏབ་པ་རེད། དེ་ནས་འཁྲབ་སྟོན་པ་ཚོས་གུར་ཆེན་སྟོང་གཤོམ་མའི་གྲལ་མགོའི་དཀྱིལ་དུ་མཆོད་ཡོད་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་ལ་གུས་ཕྱག་འཚལ་ཞིང་གསོལ་བ་འདེབས་རྗེས་དབྱར་གནས་འདུ་ཚོགས་ཀྱི་མཇུག་ཀྱང་ཡོངས་སུ་བསྡུས་པ་རེད།

     འབའ་ཐང་ལྷོ་རྒྱུད་ཟློས་གར་དང་གཞས་ཀྱི་སྒྱུ་རྩལ་གཉིས་ནི་འབའ་ཐང་གི་མིང་བྱང་གྲགས་ཅན་གཉིས་སུ་གྱུར་ཡོད་ཅིང་། འབའ་ཐང་ལྷ་མོ་ཟློས་གར་དེ་མི་ལོ་བཞི་བརྒྱར་ཉེ་བ་སྙན་ནས་སྙན་དུ་བརྒྱུད་དེ་བྲོ་བ་མི་འགྱུར་བར་རྒྱུན་འཛིན་ཐུབ་པ་ནི་ཧ་ལས་དགོས་པའི་གནས་ཚུལ་ཞིག་སྟེ། རང་རྒྱལ་གྱི་རྩོམ་རིག་པ་དང་ཟློས་གར་རིག་པ་བ་སྐུ་ཞབས་ཞ་ཡན་གྱིས་གངས་རིའི་ཐོག་གི་ཤིང་པད་དམར་པོ་ཞེས་བསྟོད་བསྔགས་གནང་བ་རེད། སྤྱི་ལོ༢༠༠༨ལོའི་ཟླ་བ6པར་འབའ་ཐང་གི་ལྷ་མོ་ཟློས་གར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚན་པ་གཉིས་པའི་གྲས་སུ་ཚུད་པ་རེད།

འབའ་ཐང་ལྷ་མོའི་ཟློས་གར།

   ལྔ། འབའ་ཐང་ལྷ་མོ་ཟློས་གར་གྱི་ཁྱད་ཆོས།

    འབའ་ཐང་ལྷ་མོ་ཟློས་གར་གྱི་འཁྲབ་ཚན《བཀྲ་ཤིས་ཞོལ་པ》འཁྲབ་པའི་སྐབས་སུ་དབུས་གཙང་དང་ཁྱད་པར་ཆེན་པོ་ཡོད་ཅིང་། འགོ་ཚུགས་དུས་བཀྲ་ཤིས་ཞོལ་པ་མི་དྲུག་གིས་འཁྲབ་དགོས་ལས་རྔོན་པ་འཁྲབ་མཁན་ལྔའམ་བདུན་མིན། དེའི་རྗེས་འཆམ་དཔོན་གྱི་ཁེར་འཁྲབ་ཡིན་ལ། དེ་ནས་ཁྲིད་དཔོན་མི་གཉིས་ཀྱིས་ལྷ་མོ་དང་རྒྱལ་སྲས་འཁྲབ་དགོས་པ་དང་། དེའི་རྗེས་འཆམ་དཔོན་དང་ལྷ་མོའི་ནང་གི་མི་ཡུལ་བུ་མོ་ཚེ་བརྟན་གཡང་འཛོམས་བར་དྲི་བ་དྲིས་ལན་གྱི་གླུ་མ་གཏམ་འཁྲབ་སྟོན་བྱས་རྗེས། མཐར་བཀྲ་ཤིས་ཞོལ་པ་དྲུག་གིས་སྐོར་འཆམ་བྱེད་པ་དང་དེ་ནས་བསྟར་ཕྲེང་གཅིག་གིས་མཇུག་བསྡུས་པ་རེད། འབའ་ཐང་ལྷ་མོ་ཟློས་གར་གྱི་འཁྲབ་གཞི་དངོས་འཁྲབ་པའི་སྐབས་མཛེས་ཆས་སྤྲས་པར་དང་དོད་ཆེ་ཞིང་། ལྷ་མོ་བ་ཚོས་མགོ་ལ་ངོ་འབག་གྱོན་ཞིང་ལུས་ལ་ཐུ་རིང་ཕྱུ་བ་མནབས་པ། སྐེད་པར་སྨད་ཤམ་ལྟེབ་མང་མ་བཅིངས་ཡོད། ལྷ་མོ་འཁྲབ་མཁན་གྱི་མགོར་གཡུ་བྱུར་གྱི་རྒྱན་ཆ་བཏགས་ཡོད་པ་དང་། ངོ་འབག་གྱོན་སྟངས་ལ་མཐོང་ཆེན་བྱེད་ཅིང་ལྟད་མོ་བ་ཚོས་ཚོས་གཞི་མི་འདྲ་བ་དང་འཁྲབ་སྟངས་མི་འདྲ་བ། དཀྲོལ་རྡུང་མི་འདྲ་བ་ལས་འཁྲབ་གཞུང་ནང་གི་མི་སྣ་བཟང་ངན་དང་དགེ་སྡིག་གི་ལས་ཀའི་དབྱེ་བ་འབྱེད་ཐུབ་པ་དང་། འཁྲབ་སྟོན་དུ་ལྷ་མོ་བས་འཁྲབ་གཞུང་གི་ལོ་རྒྱུས་བཤད་དགོས་པ་རེད། འབའ་ཐང་ལྷ་མོ་ཟློས་གར་གྱི་རོལ་དབྱངས་ནང་དུ་འབའ་གཞས་དང་རས་པའི་གླུ་གར་གྱི་ཤན་ཞུགས་ཡོད་པས་འབའ་ཐང་གི་ཁྱད་ཆོས་ངམ་ཤུགས་སུ་མངོན། རོལ་ཆས་རྔ་སྦུལ་ཆལ་དང་དུང་རྒྱ་གླིང་། གླིང་བུ་པི་ཝང་སོགས་ཡོད། འཁྲབ་མཁན་གཙོ་བོས་ནང་ར་རུ་རྣམ་ཐར་འཐེན་བ་དང་སྦྲགས་ཕྱི་རའི་ལྷ་མོ་བ་ཚོས་ངག་སྐྱོར་བྱེད་ཆོག་པ་དང་། རྣམ་ཐར་གྱི་སྐད་གདངས་ཀྱང་རིགས་མང་ཡོད་ཅིང་རྒན་གཞོན་བར་གསུམ་དང་དགའ་སྐྱོ་ཆགས་སྡང་སོགས་ཀྱི་དབྱེ་བ་ཡོད། ལྷ་མོ་འཁྲབ་མཁན་ཚོས་རང་གིས་འཁྲབ་བྱའི་མི་སྣར་བརྟེན་ནས་སྐད་གདངས་ཤིག་མགོ་ནས་མཐར་འཁྱོངས་དགོས་པ་དང་། སྒེག་པ་དཔའ་བ་ཁྲོ་བ་མི་སྡུག་པ་སོགས་གར་གྱི་ཉམས་དུ་མའི་ཐོག་ནས་མི་སྣའི་སེམས་ཀྱི་འགྱུར་བ་མཚོན་དགོས་པ་རེད།

 འབའ་ཐང་ལྷ་མོའི་ཟློས་གར།

དྲུག འབའ་ཐང་གི་དབྱར་བསུ་དང་དབྱར་གནས་དུས་སྟོན།

    འབའ་ཐང་དུ་ལོ་རེ་ལ་ལྷ་མོ་ཟློས་གར་འཁྲབ་ཐེངས་གཉིས་ཡོད་པ་སྟེ། དང་པོ་ནི་བོད་ཟླ་ལྔ་པའི་དབྱར་བསུ་དུས་སྟོན་གྱི་སྐབས་སུ་དང་གཉིས་པ་བོད་ཟླ་བརྒྱད་པའི་དབྱར་སྐྱེལ་སྟོན་བསུའི་དབྱར་གནས་དུས་སྟོན་སྐབས་སུ་ཡིན། དབྱར་བསུ་དུས་སྟོན་གྱི་དུས་ཡུན་ཉིན་གསུམ་ཡིན་ཞིང་། དབྱར་གནས་དུས་སྟོན་གྱི་དུས་ཡུན་ནི་ཉིན་བདུན་ཡིན་པ་རེད། འབའ་སྐད་དུ་དབྱར་གནས་དུས་སུ་ཟློས་གར་འཆམ་པ་དེ་རིམ་བཞིན་བསྡུས་ནས་“དབྱར་གནས་འཆམ” ཞེས་པའི་མིང་ཆགས་པ་རེད། བོད་ཟླ་བརྒྱད་པའི་འབའ་ཐང་ནི་གནམ་གཤིས་དྲོ་གྲང་འཚམ་ཞིང་མེ་ཏོག་བཀྲ་སངས་རྒྱས་པ་དང་། སིལ་ཏོག་སྣ་མང་སྨིན་པའི་དུས། སོ་ནམ་ལས་ལ་ཁོམ་པ་ཡོད་དུས་དང་བཅས་དང་ཁེལ་བས་ལྷ་མོ་ཟློས་གར་འཁྲབ་སྟོན་གྱི་དུས་བཟང་ཞིག་ཡིན་པ་སྨོས་མེད་རེད། ལྷ་མོ་ཟློས་གར་འཁྲབ་ས་དང་འཆམ་ཡུལ་གཙོ་བོ་ནི་འབའ་ཐང་རྫོང་མཁར་ནས་སྤྱི་ལེ་གཉིས་ཙམ་ཡོད་པའི་འབའ་ཆུ་དལ་མོའི་ནུབ་འདབས་སུ་ཕྱོགས་བཞི་ལྕང་སྡོང་གིས་ཡོངས་སུ་བསྐོར་བའི་ནེའུ་གསེང་གཡུ་ཡི་མེ་ལོང་ལྟ་བུ་ཞིག་ཡོད་པ་མིང་ལ་ན་ཆུང་སྟེང་ཞེས་པ་དེར་ཡིན། འབའ་གཞས་ཀྱི་གཞས་ཚིག་ཏུ་ཡང་། ན་ཆུང་ལྕང་གླིང་བསིལ་བ།། སྤང་ཁ་ཡངས་ཤིང་སྔོ་སོང་།། ཀླུ་གདེངས་ཆུ་མིག་ཁ་ལ།། མི་འགྲོ་བསམ་རྒྱུ་མི་འདུག། ན་ཆུང་ལྕང་གླིང་གསེང་ལ།། སྐད་སྒྲ་མི་འདྲ་དགུ་འདྲ།། བྱ་སྐད་བྱིའུ་སྐད་སྙན་ཐོག། གླུ་གཞས་སྙན་ཆ་འདྲ་མིན།། ལྕང་བསིལ་ཀླུ་གདེངས་ཆུ་མིག། ཆུ་ཤེལ་ལས་ཀྱང་དྭངས་པ།། དེ་ཁར་སྤྲོ་གསེང་ཡོང་མཁན།། སེམས་ཁམས་ཡངས་ལུགས་ཁ་ཁ།། ཞེས་གནས་དེར་བསྟོད་པ་དེ་ལྟར་བྱས་ཡོད་པ་རེད། སྐབས་དེར་ན་ཆུང་སྟེང་དུ་ལྷ་མོ་ཟློས་གར་ཚོགས་པའི་གུར་ཆེན་སྟོང་ཤོང་ཆེན་མོ་ཕུབ་པ་དང་། ཐང་སྟོང་རྒྱལ་པོའི་སྐུ་འདྲ་གདན་དྲངས་ནས་བཞུགས་སུ་བཅུག འབའ་ཆོས་སྡེ་དགོན་པའི་དགེ་འདུན་མང་ཚོགས་ཀྱིས་དབྱར་གནས་འཚོག། འབའ་ཐང་མི་དམངས་ཀྱིས་གུར་ཆེ་ཆུང་སྣ་ཚོགས་ཕྲ་ཚོམ་མེར་ཕུབ་ནས་བཟའ་བཏུང་འདང་ངེས་པ་ཁྱེར། རྒན་དར་གཞོན་གསུམ་ཚང་མས་གཟབ་འཆོར་སྤྲས་ནས་ལྷ་མོ་ཟློས་གར་འཁྲབ་སྟོན་ལྟ་སར་ཡོང་བ་དང་དུས་སྟོན་འདི་དག་ལ་ལོ་སར་ཤར་བ་ལྟ་བུའི་མཐོང་ཆེན་བྱེད་ཀྱི་ཡོད། བོད་ཀྱི་ཟློས་གར་ལ་གར་སྟེགས་ཐོག་འཁྲབ་པ་དང་ཐང་ལ་འཁྲབ་པ་རིགས་གཉིས་ཡོད་པ་ལས། འབའ་ཐང་གི་ལྷ་མོ་ཟློས་གར་ནི་ཐང་འཁྲབ་གཙོ་བོ་ཡིན། བོད་ཀྱི་ཟློས་གར་འཁྲབ་པར་འཛོམས་དགོས་པའི་ཡན་ལག་ལྔ་སྟེ། མདོ་འཛིན་པ་དང་རོལ་མོ་བ། ཆས་ཞུགས་པ། བཞད་གད་པ། ཟློས་གར་བ་བཅས་ཆ་ཚང་དགོས། མདོ་འཛིན་པ་ནི་རྒྱང་མཁར་རའི་ལོ་རྒྱུས་དང་ལྷ་མོ་འཁྲབ་ལུགས་འཁྲབ་སྟངས་ལ་ཆ་རྒྱུས་བྱང་ཆུབ་པ་ཡོད་མཁན་གྱིས་བྱེད་ཀྱི་ཡོད། རོལ་མོ་བས་རྔ་དང་སྦུག་ཆལ། དུང་དང་རྒྱ་གླིང་། འཕྲེད་གླིང་། སྒྲ་སྙན་སོགས་ཀྱིས་རམ་འདེགས་བྱེད་ཀྱི་ཡོད། ཆས་སུ་ཞུགས་ནས་འཁྲབ་མཁན་ལ་མི་སྣ་གཙོ་བོ་དང་ཕལ་པ། རམ་འདེགས་མི་སྣ་བཅས་ཡོད་ཅིང་། དེ་དག་གིས་མཚོན་བྱ་མི་སྣ་སོ་སོའི་བསམ་པའི་ཉམས་འགྱུར་ཏེ་དགའ་བ་དང་སྐྱོ་བ། འཇིགས་པ་སོགས་དགུ་པོ་དེ་ལུས་ཀྱི་རྣམ་འགྱུར་དང་ངག་གི་གདངས་མི་འདྲ་བའི་སྒོ་ནས་མཚོན་པར་བྱེད། འཁྲབ་དུས་ཆས་སྤྲས་པ་དང་ངོ་འབག་གྱོན་གྱི་ཡོད། བཞད་གད་པ་ནི་ཟློས་གར་འཁྲབ་ཚེ་སྐབས་སྐབས་སུ་དགོད་བྲོ་བའི་གཏམ་ཤོད་མཁན་ཡིན། ཟློས་གར་བ་ནི་སུ་ཁོམ་ན་དེས་བྱེད་ཀྱི་ཡོད། འཁྲབ་འགོ་ཚུགས་དུས་དང་ཐོག་རྒྱང་མཁར་ར་དང་བཀྲ་ཤིས་ཞོལ་བ་འཁྲབ་ནས་བཀྲ་ཤིས་ཀྱི་སྒོ་མོ་དབྱེ་དགོས། གཉིས་པ་མངོན་པ་སྟེ་ལྟད་མོ་བ་ཚོར་འཁྲབ་གཞུང་སོགས་ངོ་སྤྲོད་ཞུས་པ། གསུམ་པ་བྱུང་རིམ་ལྟར་གཞུང་དངོས་འཁྲབ་པ། འཁྲབ་གཞུང་རེ་རིང་ན་ཉི་མ་གཉིས་ཡན་དང་ཐུང་ན་ཆུ་ཚོད་གཉིས་གསུམ་ཙམ་ནས་བསྡུས་ཐུབ་པ་རེད། ཐུན་མཚམས་སུ་ད་དུང་གླུ་ལེན་བྲོ་འཁྲབ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མངོན་པར་མཚོན་པའི་བཞད་གཏམ་བཤད་པ་རེད། བཞི་པ་ནི་བཀྲ་ཤིས་སྨོན་ལམ་བརྒྱབ་པ་དང་གནང་སྦྱིན་ལེགས་འབུལ་བྱས་ནས་མཇུག་འགྲིལ་པ་རེད།

འབའ་ཐང་ལྷ་མོའི་ཟློས་གར།

བདུན། འབའ་ཐང་ལྷ་མོ་ཚོགས་པའི་འཁྲབ་གཞུང་གཙོ་བོ།

    འབའ་ཐང་ལྷ་མོ་ཚོགས་པས་འཁྲབ་པའི་གཞུང་གཙོ་བོ་ནི་《བཀྲ་ཤིས་ཞོལ་བ།》དང《རྒྱང་མཁར་ར》《འགྲོ་བ་བཟང་མོ》《ཆོས་རྒྱལ་ནོར་བཟང་》《གཟུགས་ཀྱི་ཉི་མ》《དྲི་མེད་ཀུན་ལྡན》《དོན་ཡོད་དོན་འགྲུབ》《སྣང་ས་འོད་འབུམ》《པད་མ་འོད་འབར》 《རྒྱ་བཟའ་ཀོང་ཇོ》 《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད》《སྟོན་ལས་དུས་སུ།》སོགས་ཡོད་ཅིང་། འབའ་ཐང་ལྷ་མོའི་ལོ་རྒྱུས་ཐོག《པད་མ་འོད་འབར》ཞེས་པའི་འཁྲབ་གཞུང་དེ་ཐེངས་གཅིག་ལས་འཁྲབ་མ་མྱོང་བར་བཤད་ཅིང་། སྐབས་ཤིག་ལ་འཁྲབ་གཞུང་འདི་འཁྲབ་དུས་རླུང་འཚུབ་ཕྱུར་ཞིང་ཐོག་སེར་བབས་པས་རྟེན་འབྲེལ་མི་ལེགས་པར་བརྩིས་ནས་འཁྲབ་མཚམས་བཞག་པར་གྲགས།   འཁྲབ་གཞུང་ཚང་མ་ནི་བསྟན་དོན་ཟབ་ཅིང་གོ་བསྐོན་སློབ་གསོའི་རང་བཞིན་ཤིན་ཏུ་ཆེན་པོ་ཡོད་པ་སྟེ། ཐོག་མཐའ་བར་དུ་བཀྲ་ཤིས་རྟེན་འབྲེལ་གྱི་སྔོན་འགྲོ་དང་བདེ་ལེགས་ཕུན་སུམ་ཚོགས་པའི་དོན་སྙིང་སྟོན་བྱེད་ཀྱི་འཁྲབ་ཚན《བཀྲ་ཤིས་ཞོལ་བ།》དང《རྒྱང་མཁར་ར》ཕུད། 《འགྲོ་བ་བཟང་མོ》ཞེས་པའི་འཁྲབ་གཞུང་ལས་བདུད་མོ་ཧ་ཅང་གིས་ཐབས་བརྒྱ་ཇུས་སྟོང་གིས་འགྲོ་བ་བཟང་མོའི་སྲས་མོ་ཀུན་ཏུ་བཟང་མོ་དང་ལྷ་སྲས་ཀུན་ཏུ་ལེགས་པ་གཉིས་ལ་གནོད་འཚེ་གཏོང་བར་བརྩམས་ནའང་། སྲས་ལྕམ་སྲིང་གཉིས་ཀྱི་ཚེ་སྲོག་ལ་གནོད་འཚེ་ཅི་ཡང་མ་ཐེབས་པར་ལྷ་སྲས་རྒྱལ་པོར་མངའ་གསོལ་བའི་བྱུང་རིམ་དེ་དག་བྲིས་པར་བརྒྱུད་ནས། མི་རྣམས་ལ་བསམ་སྦྱོར་ངན་པ་དང་ཧམ་སེམས་ཆེན་པོ་བཅངས་ན་མཐར་ཐུག་ཕམ་པར་འགྱུར་ཞིང་། དྲང་བདེན་འཛིན་སྲུང་བྱས་ན་མཐར་ཐུག་རྒྱལ་བར་འགྱུར་བའི་གནས་ལུགས་བསྟན་ཡོད།

       ཡང《ཆོས་རྒྱལ་ནོར་བཟང་》ཞེས་པའི་འཁྲབ་གཞུང་དུ་སྔོན་ཡུལ་སྔ་ལེན་པའི་ལྷོ་བྱང་གཉིས་ཀྱི་རྒྱལ་ཁབ་གཉིས་ལ་རྒྱལ་པོ་གཉིས་ཡོད་ཅིང་། བྱང་ཕྱོགས་སྔ་ལེན་པའི་རྒྱལ་པོས་རྒྱལ་སྲིད་ཆོས་དང་ཁྲིམས་བཞིན་བསྐྱངས་བས་འབྱོར་ཕྱུག་ལྡན་པ་དང་། ཡུལ་དེའི་མཚོ་ཆེན་ཞིག་ན་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཞེས་བྱ་བས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ས་གཞི་ལྷག་པར་ལོ་ཏོག་ཕུན་སུམ་ཚོགས་པར་གྱུར་ཏོ།།  ལྷོ་ཕྱོགས་སྔ་ལེན་པའི་རྒྱལ་པོས་རྒྱལ་སྲིད་ཆོས་དང་ཁྲིམས་མིན་བཞིན་བསྐྱངས་ནས་ཡུལ་སྟོང་བར་གྱུར་ལ་ཁད་པའི་སྐབས་སུ། ལྷོ་ཕྱོགས་པས་སྔགས་པ་མངགས་ནས་མཚོར་དུག་དྲངས་པར་བྱང་གི་རྔོན་པ་སྤང་ལེབ་འཛིན་གྱིས་བསད་དེ་ཀླུ་རྣམས་བསྐྱབས་པའི་དྲིན་ལན་དུ་དོན་ཡོད་ཞགས་པ་ལོན་རྗེས་ལྷ་མོ་ཡིད་འཕྲོག་མ་བཟུང་ནས་རྒྱལ་བུ་ནོར་བཟང་ལ་ཕུལ་ཞིང་རྒྱལ་བུ་དང་ཡིད་འཕྲོག་མའི་བར་བརྩེ་དུང་ཤིན་ཏུ་ཟབ་མོར་ཆགས་པས་དེར་བཙུན་མོ་ལྔ་བརྒྱས་ཕྲག་དོག་གིས་ཨ་མཆོད་ཧ་རི་ནག་པོ་དང་བསྡོངས་ནས་གཞོན་ནུ་ནོར་བཟང་བྱང་ཕྱོགས་སུ་མི་རྒོད་བཏུལ་བར་བརྫངས་རྗེས་ཡིད་འཕྲོག་མ་གསོད་གྲབས་བྱེད་ཚེ། ཡིད་འཕྲོག་མ་དྲི་ཟའི་ཡུལ་དུ་ལོག  དེ་ནས་གཞོན་ནུ་ནོར་བཟང་གི་དཀའ་བ་ཁྱད་དུ་བསད། ཐབས་འཕྲུལ་སྣ་མང་སྤྱད་ནས་དྲི་ཟའི་ཡུལ་ནས་ཡིད་འཕྲོག་མ་སླར་མི་ཡུལ་དུ་བསུས་ནས་རྒྱལ་སར་བཞུགས་ནས་རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་བརྗོད་དོན་བྱས་ནས། བདེན་དགེ་མཛེས་གསུམ་གྱིས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང་། ཡ་རབས་བཟང་བོའི་ལུགས་ལ་ཉམས་པ་མེད་པ། དཀོན་མཆོག་ལ་མཆོད་པ། སློང་བ་ལ་སྦྱིན་པ། ཡབ་ཡུམ་ལ་བཀུར་བསྟི་ཟབ་པ། འཁོར་འབངས་ཐེག་པ་རིམ་བཞིན་བསྐྱངས་པའི་ཡ་རབས་སྤྱོད་བཟང་ལ་བསྟོད་པ་དང་། དེ་ལས་ལྡོག་པ་རྒྱལ་སྲིད་ཆོས་བཞིན་མི་སྐྱོང་ཞིང་། གཏུམ་དྲག་ང་རྒྱལ་ཅན། རང་འདོད་སེར་སྣ་མཁན། ལས་འབྲས་རྩིས་བཤེར་མི་ཤེས་པར་སྨད་པ་དང་། ཕོ་མོའི་བར་གྱི་ལྷད་མེད་བརྩེ་དུང་ལ་ལེགས་སོས་བསྔགས་ཤིང་། མི་རྣམས་དྲང་བདེན་གྱི་ལམ་དུ་བསྐྱོད་དགོས་པའི་གོ་བསྐོན་བྱས་ཡོད།

     ཡང་《གཟུགས་ཀྱི་ཉི་མ》ཞེས་པའི་འཁྲབ་གཞུང་དུ། རྒྱལ་བུ་ཟླ་བའི་སེང་གེས་རིགས་ངན་གྱི་བུ་མོ་ཞིག་བཙུན་མོར་བླངས་རྗེས། ཡང་དྲང་སྲོང་སྒོམ་ཆེན་གྱི་བུ་མོ་མཛེས་སྡུག་ལྡན་པ་གཟུགས་ཀྱི་ཉི་མ་བཙུན་མོར་བླངས་པས། རིགས་ངན་བུ་མོ་ཞེ་སྡང་དང་ཕྲག་དོག་ལངས་ནས་གླུ་གར་ལ་མཁས་པའི་གན་དྷེ་བཟང་མོ་དང་གྲོས་ངན་བརྩམས་ཏེ་གཟུགས་ཀྱི་ཉི་མ་བློ་བྲིད་བྱས་པ་དང་སྦྲགས་མ་ཉེས་ཁ་གཡོགས་གང་མང་བྱས་མཐར། རྒྱལ་བོའང་གཡོ་འོག་ཏུ་ཚུད་དེ་གཟུགས་ཀྱི་ཉི་མ་གཤེད་མ་གསུམ་གྱི་ལག་ཏུ་སྤྲད་ནས་དུར་ཁྲོད་དུ་གསོད་པར་བཏང་མོད། གཟུགས་ཀྱི་ཉི་མའི་མཚར་སྡུག་ཤིན་ཏུ་ཆེ་བས་གསོད་མ་ཐུབ་པར་ག་ནས་འོང་བ་དེ་གར་བཏང་ཞིང་། ཡབ་དྲང་སྲོང་ནི་འདས་ཟིན་པས་མཐར་རྣལ་འབྱོར་མ་བྱས་ཏེ་རྒྱལ་ཁམས་ཕྱོགས་མེད་དུ་བསྐོར་བའི་རྟིང་མ་ལ་སླར་ཡང་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱི་ཕྱོགས་སུ་སླེབས་པ་དང་། རྒྱལ་སྲས་ཟླ་བའི་སེང་གེ་ཡང་གཟུགས་ཀྱི་ཉི་མ་མེད་པའི་མྱ་ངན་གྱི་ཁུང་བུར་ཚུད་པའི་སྐབས་དང་འཕྲད་དེ་བློ་རིག་གསལ་བའི་ཨ་བོ་ན་གེས་རྣལ་འབྱོར་མ་དེ་གཟུགས་ཀྱི་ཉི་མ་ཡིན་པ་ཤེས་ནས་རྒྱལ་བོའི་ཕོ་བྲང་དུ་གདན་དྲངས། གན་དྷེ་བཟང་མོ་དང་རིགས་ངན་བུ་མོ་གཉིས་ཀྱིས་བརྩམས་པའི་བྱ་ངན་རྣམས་ཀྱི་མཐིལ་བརྡོལ། རྒྱལ་བོ་རྒྱལ་སྲས་དང་བཅས་པ་རྨོངས་པ་ལས་སད་དེ་གཟུགས་ཀྱི་ཉི་མ་སླར་ཡང་བཙུན་མོར་མངའ་གསོལ་ནས་ཚང་མ་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྐབས་གསར་དུ་རྙེད་པ་བརྗོད་དོན་དུ་བྱས་ནས་རྒྱལ་བོ་ཟླ་བའི་སེང་གེ་དང་བཙུན་མོ་གཟུགས་ཀྱི་ཉི་མ་གཉིས་ཀྱི་མི་ཕྱེད་བརྩེ་དུང་དེ་གཞན་གྱིས་གཏོར་བཤིག་དང་གནོད་འཚེ་བཏང་ནས་འཇིག་མི་ཐུབ་ལ་ཁ་བྲལ་དང་དུས་ཚོད་ཀྱིས་གཞོམ་དུ་མེད་པར་བསྟོད་བསྔགས་བྱས་པ་དང་ཆབས་ཅིག་ཏུ། བསམ་སྦྱོར་ངན་པས་གཞན་ལ་གནོད་ཅིང་འཚེ་བའི་མི་དེ་ཅི་ནས་ཀྱང་ཕམ་ཉེས་སུ་འགྲོ་བའི་ཆོས་ཉིད་ལེགས་པར་བསྟན་ཡོད།

      ཡང་《དྲི་མེད་ཀུན་ལྡན》ཞེས་པའི་འཁྲབ་གཞུང་དུ། སྔར་རྒྱལ་བུ་དྲི་མེད་ཀུན་ལྡན་ཞེས་རང་བཞིན་གྱིས་གཏོང་ཕོད་ཆེ་བ་ཞིག་ཡོད་པ་དེས་རྒྱལ་ཁབ་ཀྱི་རྩ་ཆེན་ནོར་བུ་དགྲ་བོར་བྱིན་པས་ཡབ་རྒྱལ་པོ་ཁྲོས་ནས་ཁོང་རྒྱང་འབུད་བཏང་བའི་ལམ་བར་དུ་རང་དང་ལྷན་ཅིག་ཏུ་འགྲོགས་མཁན་གཅེས་པའི་བཙུན་མོ་དང་སྲས་གཉིས་བྲམ་ཟེ་ལ་སྦྱིན་པར་བཏང་བར་མ་ཟད། རང་གི་མིག་འབྲས་ཀྱང་སྦྱིན་པར་བཏང་བར་བརྟེན། དཀོན་མཆོག་གི་བྱིན་མཐུས་མིག་གཉིས་བསྐྱར་དུ་རྙེད་ནས་གསལ་པོར་ལྟ་ཐུབ་པ་བྱུང་བ་དང་། བྲམ་ཟེ་ནས་བཙུན་མོ་དང་། སྲས་གཉིས། དགྲ་ཕྱོགས་ནས་ནོར་བུ་རིན་པོ་ཆེ་བཅས་རང་འཇགས་སུ་ཚུར་ཐོབ་པའི་མཐར་ཡབ་རྒྱལ་པོས་ཁོང་རྒྱལ་སར་བསྐོས་ནས་བདེ་དགའི་དཔལ་ལ་རོལ་བ་བརྗོད་དོན་བྱས་ནས། རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་ཉམ་ཐག་འགྲོ་བ་སྡུག་བསྔལ་ལས་སྒྲོལ་བའི་སྙིང་རྗེ་ཆེན་པོའི་རང་གཤིས་དང་། ཐ་ན་རང་གི་སྤྱན་ལ་སོགས་པའང་སྦྱིན་པ་བཏང་ཕོད་པའི་གཏོང་ཕོད་ཅན་གྱི་རྨད་བྱུང་མཛད་སྤྱོད་ལ་བསྔགས་བརྗོད་བྱས་པར་བརྒྱུད་དེ་མི་རྣམས་ལ་སྦྱིན་པའི་ཕན་ཡོན་བསྟན་ཞིང་སེར་སྣའི་མདུད་པ་དགྲོལ་དགོས་པའི་བསླབ་བྱ་བསྟན་ཡོད།

       ཡང《དོན་ཡོད་དོན་འགྲུབ》ཅེས་པའི་འཁྲབ་གཞུང་དུ། སྔར་རྒྱལ་པོ་ཞིག་གི་ཆེན་མ་འདས་འོག་ཏུ་སྲས་དོན་གྲུབ་ཟེར་བ་ལུས་པ་དེ་དང་། ཆུན་མའི་སྲས་དོན་ཡོད་ཟེར་བ་གཉིས་མཛའ་མཐུན་ཆེན་པོ་ཡོད་ཀྱང་། ཆུན་མས་དོན་ཡོད་ལ་རྒྱལ་པོའི་གོ་འཕང་འཐོབ་ཐབས་བྱེད་ཆེད་དོན་གྲུབ་རྒྱང་འབུད་གཏོང་དུས་གཅེན་གཅུང་གཉིས་འབྲལ་མ་ཕོད་པར་མཉམ་དུ་བྲོས་ཕྱིན་པའི་ལམ་བར་དཀའ་ཚེགས་སྣ་ཚོགས་བྱུང་ནས་ཕན་ཚུན་ཁ་འཐོར། ཕྱིས་དོན་གྲུབ་རྒྱལ་ཁབ་གཞན་ཞིག་གི་རྒྱལ་པོའི་མག་པར་ཕྱིན་ནས་རྒྱལ་པོ་བྱས་པ་དང་། རང་གིས་གཅུང་པོ་དོན་ཡོད་བཙལ་ཏེ་རྙེད་ནས་ཕ་མེས་ཀྱི་རྒྱལ་ཁབ་ལ་བསྐྱལ་པས་ཡབ་རྒྱལ་པོ་ཤིན་ཏུ་མཉེས་བཞིན་དོན་ཡོད་ཀྱང་རང་རྒྱལ་ཁབ་ཀྱི་རྒྱལ་པོར་དབང་བསྐུར་བ་བརྗོད་དོན་བྱས་ནས། རྒྱལ་བུ་དོན་གྲུབ་དང་དོན་ཡོད་གཉིས་ཀྱི་མཛའ་བརྩེ་ལ་བསྔགས་བརྗོད་དང་། ཁོང་གཉིས་ཀྱི་ལས་དབང་ལ་གདུང་སེམས་ཀྱི་མིག་ཆུ་གཏོར་བ་དང་ཆབས་ཅིག་ཏུ། བཙུན་མོ་པདྨ་ཅན་གྱི་བསམ་སྦྱོར་ངན་པ་དང། རང་ཚུགས་མེད་པའི་རྒྱལ་བོ་སྟོབས་ཀྱི་ལྷའི་མ་རིག་པའི་མཛད་སྤྱོད། བདུད་བློན་ཏྲི་ཤུའི་ཕྲག་དོག་དང་གཡོ་སྒྱུ་བཅས་ལ་ཟུར་ཟ་དང་ཐེར་འདོན་བྱས་པར་བརྒྱུད་ནས། སྤྱིར་ལས་རྒྱུ་འབྲས་ལ་བརྩི་སྲུང་དང་དམ་པའི་ཆོས་ལ་བསྟུན་ན། ད་གཟོད་ལེགས་ཚོགས་དང་ཕན་བདེ་འབྱུང་བའི་གནས་ལུགས་ཟབ་མོ་ནན་གྱིས་བསྟན་ཡོད།

       ཡང《སྣང་ས་འོད་འབུམ》ཞེས་པའི་འཁྲབ་གཞུང་དུ། གཙང་མྱང་སྟོད་རྒྱལ་རྩེའི་ཁུལ་གྱི་མི་ཁྱིམ་ཕལ་པ་ཞིག་གི་བུ་མོ་སྣང་ས་འོད་འབུམ་ཞེས་པ་དེ་རང་ལོ་ལོངས་མཚམས་སུ་ཡུལ་དཔོན་གྱིས་བཙན་ཤེད་ཀྱིས་རང་གི་བུའི་ཆུང་མར་བླངས་ཐོག་དཔོན་ཚང་ནང་མི་ཚོས་སྡུག་སྤྱོད་སྣ་ཚོགས་བཏང་བའི་རྐྱེན་གྱིས་བུ་མོ་སྣང་ས་ཤི་ཞིང་། དུར་ཁྲོད་ནས་འདས་ལོག་བྱུང་རྗེས་རང་ཁྱིམ་སྤངས་ཏེ་ཆོས་བྱེད་སར་ཕྱིན་པའི་མཐར་ཡུལ་དཔོན་འཁོར་འབངས་དང་བཅས་པ་ཡང་ཆོས་ཀྱི་ལམ་དུ་བཙུད་པ་བརྗོད་དོན་བྱས་ནས། ཆུང་ངུའི་དུས་ནས་དམ་པའི་ཆོས་ལ་མོས་ཤིང་ཡ་རབས་ལམ་དུ་གཞོལ་བའི་སྣང་ས་འོད་འབུམ་གྱིས་རི་ནང་དཔོན་པོ་སྒྲ་ཆེན་ཡབ་སྲས་ཀྱི་གཅར་རྡུང་ཚད་མེད་པ་མྱངས་པ་དང་། ཁོ་མོར་དམ་པའི་ཆོས་སྒྲུབ་པ་དང་གཞན་ཕན་ལས་ལ་ཞུགས་པར་རང་དབང་མེད་པའི་གནས་ཚུལ་དེར་གདུང་སེམས་བཅངས་པ་དང་། ཁོ་མོ་ཆགས་སྡང་རྨོངས་གསུམ་ལས་གྲུབ་པའི་འཇིག་རྟེན་འཁོར་བའམ་རི་ནང་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་ཀྱི་བཙན་དབང་དང་གཏུམ་སྤྱོད་ཀྱི་མདུན་དུ་དཔའ་མ་ཞུམ་བློ་མ་ཕམ་པར། ཚེ་གཅིག་ལུས་གཅིག་ལ་དམ་པའི་ཆོས་རྨ་མེད་པ་ཞིག་བསྒྲུབ་རྒྱུའི་མི་འགྱུར་དམ་བཅའི་རི་མོ་སྙིང་ལ་བཀོད་དེ་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གཞི་ནས་དམ་པའི་ཆོས་ལ་གཞོལ་བའི་ངོ་མཚར་མཛད་སྤྱོད་དང་སྙིང་སྟོབས་ཕུལ་བྱུང་ལ་བསྔགས་བརྗོད་དང་མོས་གུས་ཚད་མེད་མཛད་པ་བརྒྱུད་དེ། གངས་ཅན་བོད་ཀྱི་ལས་ལ་བརྩོན་ཞིང་བྱམས་བརྩེ་ལྡན་ལ་དམ་ཆོས་ལ་མོས་པའི་བུད་མེད་ངལ་རྩོལ་པའི་ལས་དབང་ངམ་སྣང་བརྙན་ལ་གདུང་སེམས་བཅངས་ཡོད་ལ་བསྔགས་བརྗོད་ཀྱང་མཛད་ཡོད་པ་རེད། ཁྱད་པར་དུ། རི་ནང་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་ཀྱི་བྱ་སྤྱོད་ངན་པས་མཚོན་པའི་གནས་སྐབས་དེའི་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་ངན་རུལ་གྱི་རྣམ་པ་གསལ་རྗེན་དུ་མཚོན་པར་བྱས་ཡོད།

       ཡང《པད་མ་འོད་འབར》ཞེས་པའི་འཁྲབ་གཞུང་དུ། སྔར་རྒྱལ་པོ་ཞིག་གིས་རང་གི་མངའ་འོག་ཚོང་དཔོན་འབྱོར་པ་ཆེ་བ་མིང་ལ་ནོར་བུ་བཟང་པོ་ཞེས་པར་རང་གི་དབང་ཐང་ཤོར་དོགས་ཀྱིས་རྒྱ་མཚོའི་ནང་དུ་ནོར་བུ་ལེན་པར་བཏང་སྟེ་བསད་པའི་རྗེས་སུ་ཚོང་དཔོན་གྱི་བུ་པད་མ་འོད་འབར་སྐྱེས་པ་དེ་ཡང་གསོད་ཐབས་ཐེངས་མང་བྱས་ཀྱང་གསོད་མ་ཐུབ་པའི་མཐར། པད་མ་འོད་འབར་གྱིས་མཁའ་འགྲོའི་རོགས་དན་ལ་བརྟེན་ནས་རྒྱལ་པོ་ངན་པ་དང་བདུད་བློན་རྣམས་སྲིན་ཡུལ་དུ་འཕངས་ནས་དགྲ་ཤ་བླངས་ཏེ། རྒྱལ་པོའི་གོ་ས་བཟུང་བ་བརྗོད་དོན་བྱས་ནས། རྣོ་ངར་ལྡན་ལ་གནད་དུ་འཁེལ་བའི་སྒོ་ནས་རྒྱལ་པོ་ལོག་པའི་མཆོད་སྦྱིན་གྱི་བླུན་པོའི་ངང་ཚུལ་དང་གདུག་རྩུབ་ཆེ་བའི་སྤྱོད་ཚུལ། དགོད་བྲོ་བའི་བསམ་སྦྱོར་ལ་འཕྱ་དམོད་དང་མཚང་འབྱིན་བྱས་ནས། གཞན་ཕན་ལས་ལ་བརྩོན་པའི་ཚོང་དཔོན་ནོར་བཟང་གི་མཛད་རྗེས་དང་། ནོར་བཟང་གི་བུ་པད་མ་འོད་འབར་གྱི་ནུས་སྟོབས་དང་བློ་གྲོས། རྨད་བྱུང་གཞན་ཕན་གྱི་འཕྲིན་ལས། གཞོམ་མེད་རྡོ་རྗེའི་ཚེ་སྲོག་བཅས་ལ་བསྟོད་བསྔགས་རྒྱ་ཆེར་མཛད་དེ། སྤྱིར་དམ་པའི་ཆོས་ལ་བློ་ཁ་ཕྱོགས་ནས་མཆོག་གསུམ་སྐྱབས་སུ་བཟུང་ན་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་ལ་གཞན་གྱིས་གནོད་འཚེ་མི་ཐེབས་པའི་བསམ་བློ་དང་། བསམ་ངན་གཞན་ལ་སྦྱར་ན། སྦྱོར་བ་རང་ལ་འཁོར་བའི་གནས་ལུགས་ཟབ་མོ་བསྟན་ཡོད་པ་རེད།།

     ཡང《རྒྱ་བཟའ་ཀོང་ཇོ》ཞེས་པའི་འཁྲབ་གཞུང་དུ། དུས་རབས་བདུན་པའི་སྐབས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་རྒྱལ་པོ་ཐང་ཐེ་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་དེ་བཙུན་མོར་བསུ་ཆེད། བློན་པོ་མགར་དམ་པ་དང་རྟ་བ་བརྒྱ་ཕྲག་ལྷན་ཅིག་ཏུ་རྒྱ་ནག་ཏུ་མངགས་པ་དང་། བློན་པོ་མགར་དམ་པས་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱ་བཟའ་བོད་ལ་གདན་འདྲེན་བྱས་པའི་ལོ་རྒྱུས་བརྗོད་དོན་བྱས་ནས། མགར་སྟོང་བཙན་གྱིས་རིན་ཆེན་རྒྱན་གོས་ཀྱི་ལག་རྟགས་ཁྱེར་ནས་རྒྱའི་ཕོ་བྲང་དུ་འབྱོར་བ་དང་བཙན་པོའི་ཕྱག་བྲིས་གསུམ་ཕུལ་བ་བྲིས་ནས་སྲོང་བཙན་སྒམ་པོའི་མཁས་མཛངས་དང་བློ་གྲོས་ལ་བསྔགས་བརྗོད་བྱས་ཡོད་པ་དང་། མགར་སྟོང་བཙན་གྱིས་རྒྱལ་ཁབ་གཞན་གྱི་ཕོ་ཉ་དང་བློ་རྩལ་འགྲན་པ་བྲིས་ནས་མགར་གྱི་ཐུན་མོང་མ་ཡིན་པའི་བློ་རིག་གི་རྩལ་ལ་བསྟོད་བསྔགས་བྱས་ཡོད། རྒྱ་བཟའ་བོད་དུ་འབྱོར་བ་དང་གཉེན་སྟོན་གྱི་མཛད་སྒོ་རྒྱ་ཆེན་བྲིས་ནས་རྒྱ་བོད་བར་གྱི་གཉེན་འབྲེལ་དང་མཛའ་མཐུན་ལ་བསྟོད་གླུ་བླངས་ཡོད།

     ཡང《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད》ཞེས་པའི་འཁྲབ་གཞུང་དུ་སྔོན་གྲོང་ཁྱེར་གསེར་ཞེས་བྱ་བར་རྒྱལ་པོ་སྤྲིན་གྱི་ཏོག་ཅེས་པ་ལ་སྲས་བློ་གྲོས་དང་ཡོན་ཏན་འཛོམས་པའི་སྤྲིན་བཞོན་ཞེས་བྱ་བ་འཁྲུངས་པ་དེ་ལ་རྒྱལ་སྲིད་གཏད་དེ་ཡབ་ཡུམ་རྣམ་གཉིས་མ་ལ་ཡའི་དབེན་གནས་སུ་ཞི་བ་དོན་གཉེར་དུ་བྱོན། སྤྲིན་བཞོན་གྱིས་ཀྱང་མངའ་ཐང་ཐམས་ཅད་ཕངས་མེད་དུ་དོར་བ་དང་། ནམ་མཁར་འཕུར་བའི་ཆས་སུ་ཞུགས་ཏེ་ཡབ་ཡུམ་གཉིས་ཀྱི་རྗེས་སུ་འབྲངས་ནས་ཞི་གནས་ཀྱི་ཡོན་ཏན་ལ་བསྙེན། མ་ལ་ཡའི་མེ་ཏོག་གི་ཚལ་གྲུབ་པའི་ལྷ་མོ་མ་ལ་ཡ་ཅན་ཞེས་བྱ་བས་གོ་རིར་མཆོད་པའི་གླུ་དབྱངས་རྒྱུད་མངས་ལ་སྡེབ་ཅིང་སྒྱུར་བའི་ཚེ། སྤྲིན་བཞོན་མཐོང་བས་སེམས་རབ་ཏུ་ཆགས་ཤིང་རྒྱུད་མངས་ལག་ནས་ཤོར། རྒྱལ་སྲས་ཀྱང་དེའི་མཛེས་པས་ཡིད་དྲངས་ནས་རིང་བོར་མ་སོང་བར་བསམ་དོན་ཡིད་བཞིན་དུ་གྲུབ་སྟེ་གཉེན་སྒྲིག་གི་དགའ་སྟོན་ཉིན་ཞག་བདུན་མཛད། ཉིན་བདུན་པར་རྒྱལ་སྲས་སྤྲིན་བཞོན་རི་ངོགས་སུ་སྐྱོ་བསང་ལ་ཕེབས་པ་དང་། ཀླུ་མཛེས་མས་བུ་པང་དུ་བཟུང་ཞིང་དེའི་གདོང་ལ་ལྟ་བཞིན་དྲག་ཏུ་ངུ་བཞིན་པ་ཞིག་དང་འཕྲད། རྒྱུ་མཚན་ཞིབ་ཏུ་དྲིས་པ་དང་དམར་པོའི་གོས་རང་ལུས་ལ་བཀབ་སྟེ་བྱ་ཁྱུང་འབབ་པའི་རྡོ་བ་ཆེན་པོ་དེའི་སྟེང་དུ་བཞུགས། ཁྱུང་གིས་ཤ་བཟོས་ཏེ་མི་ཡིན་པར་ཤེས་ནས་འགྱོད། མ་ལ་ཡ་ཅན་གྱིས་གཽ་རིར་མཆོད་ཅིང་མེ་ཏོག་གཏོར་བས་རྒྱལ་སྲས་གསོས། མཐར་བྱ་ཁྱུང་གིས་ཀྱང་གཽ་རི་ནས་བདུད་རྩི་བླངས་ཏེ་རུས་ཕུང་ལ་བྲན་པས་སྔར་གྱི་ཀླུ་ཐམས་ཅད་སོས་ནས་དགའ་བར་གྱུར་པ་བརྗོད་དོན་དུ་བྱས་ནས། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པའི་དབང་པོ་དེ་ཉིད་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་རིག་པ་འཛིན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྤྲིན་བཞོན་ཞེས་བྱ་བར་སྐུ་འཁྲུངས་ནས་བྱ་རྒྱལ་ཁྱུང་ལ་རང་ལུས་ཕངས་མེད་དུ་བཏང་སྟེ་ཀླུ་རྣམས་འཆི་བའི་འཇིགས་པ་ལས་བསྐྱབས་པ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་སྐོར་བསྟན་ཡོད།

     ཡང《སྟོན་ལས་དུས་སུ》ཞེས་པའི་འཁྲབ་གཞུང་དུ། འབའ་ཐང་ནོར་བུ་ལུང་པ་ཞེས་གནམ་གཤིས་དྲོ་གྲང་སྙོམས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཆ་སྐྱིད་པོ་དེར《ལོ་སྐོར་ཟླ་བ་བཅུ་གཉིས》ཞེས་པའི་འབས་གཞས་ཀྱི་གཞས་ཚིག་ཏུ་ཟླ་བ་ལྔ་པ་ཤར་བྱུང་། དྲུག་པའི་འབའ་སོ་བྱུང་བྱུང་ཞེས་བཤད་པ་ལྟར། འབའ་ཐང་གི་ས་བབ་དང་གནམ་གཤིས་ལ་བརྟེན་ནས་ཁམས་ཀྱི་ལྷོ་རྒྱུད་ས་ཁུལ་མང་པོ་ལས་སྟོན་ཐོག་བྱུང་སྔ་ཞིང་། བོད་ཟླ་དྲུག་པའི་འགོ་ཚུགས་པ་དང་སྟོན་ཐོག་བསྡུ་ཆོག་གི་ཡོད་པ་རེད། སྐབས་དེ་དུས་ཀྱི་སོ་ནམ་ལས་སྟངས་དང་། སོ་ནམ་ཡོ་བྱད་སྤྱོད་ལུགས། བཟའ་བཏུང་ལོངས་སྤྱོད། རྩེད་མོ་དགའ་སྤྲོ། དགའ་སྟོན་རྟེན་འབྲེལ་བཅས་ཀྱི་གནས་ཚུལ་རྣམས་ཟློས་གར་གྱི་ལམ་ནས་འཁྲབ་སྟེ་འབའ་ཐང་གི་ཁྱད་ཆོས་མངོན་གསལ་དོད་པའི་སོ་ནམ་ལས་ཀའི་རྣམ་པ་དང་མི་དམངས་ཀྱི་དགའ་སྣང་དང་སྐྱིད་སྣང་། མ་འོངས་པའི་འཚོ་བར་རེ་སྙེག་ཆེ་ཚུལ་བཅས་ཡོངས་སུ་བསྟན་པ་རེད། 

      ལྷ་མོ་ཟློས་གར་འཁྲབ་པའི་སྟངས་སྟབས་མི་འདྲ་ཞིང་། རྒྱལ་པོ་དང་བློན་པོ། བཙུན་མོ། བླ་མ། དྲང་སྲོང་། མཉན་པ་སོགས་བཅོ་ལྔ་ལྷག་ཡོད་པར་བཤད་ཅིང་། འཁྲབ་པའི་ཉམས་འགྱུར་གསོན་ཉམས་དོད་ལ་ཞིབ་ཚགས་ཆེ་བ། འཚོ་བའི་བྲོ་བ་འཛོམས་ཤིང་དགོད་བྲོ་བ་ཡིན་པས་མང་ཚོགས་ཀྱི་ལྟ་དགའ་ཉན་དགའ་ཧ་ཅང་ཆེ་བ་རེད། ཟློས་གར་གྱི་སྐད་ངག་ཀྱང་འཁྲབ་མི་རང་ལ་བལྟས་ནས་བཟོས་ཤིང་མི་སྣ་མི་འདྲ་བ་ལ་སྐད་ངག་ཀྱང་མི་འདྲ་བ་རེ་ཡོད་ཅིང་ལྷ་མོ་ཟློས་གར་ལ་ཆ་རྒྱུས་ཡོད་པའི་རྒན་རྒོན་ཉམས་མྱོང་ཅན་ཁ་ཤས་ཀྱིས་ཟློས་གར་གྱི་སྐད་ངག་ལ་ལ་ཉན་ནས་འཁྲབ་ཚན་གང་དུ་སླེབས་ཡོད་པ་ཤེས་ཐུབ་ཀྱི་ཡོད། སྐད་ངག་རེ་ལེན་མཚམས་སུ་ངག་སྐྱོར་བྱེད་མཁན་ཡོད་ལ། སྐད་ངག་གི་རིགས་ཀྱང་བརྒྱ་ལྷག་ཡོད་ཅིང་རེ་འགར་བརྩེ་དུང་ལྷུག་པོར་མཚོན་པ་དང་།  མཚམས་རེར་གནས་ཚུལ་ཞིབ་ཏུ་བརྗོད་པ། ལན་རེར་རྒྱུ་མཚན་དྲངས་པ། སྐབས་རེར་དངོས་པོའི་བྱད་གཟུགས་བསྟན་པ་སོགས་བརྒྱུད་ནས་ལྷ་མོ་ཟློས་གར་གྱི་ཡིད་དབང་འཕྲོག་པའི་ངོ་མཚར་རང་བཞིན་ཆེ་རུ་བཏང་བ་རེད།

འབའ་ཐང་ལྷ་མོའི་ཟློས་གར།

ཞིང་ཆེན་རིམ་པའི་བོད་ཀྱི་ཟློས་གར་གྱི་ཞལ་འབག་ལག་རྩལ་གྱི་བརྒྱུད་འཛིན་པ་གདུགས་དཀར་དང་ཁོང་གི་ཚ་རྒྱུད།

  བརྒྱད། ཞིང་ཆེན་རིམ་པའི་བོད་ཀྱི་ཟློས་གར་གྱི་ཞལ་འབག་ལག་རྩལ་གྱི་བརྒྱུད་འཛིན་པ་གདུགས་དཀར།

       དགེ་རྒན་གདུགས་དཀར་ཆུང་དུས་ནས་སློབ་གྲྭར་འགྲོ་མ་མྱོང་ཞིང་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་དུས་སུ་དགེན་ཨ་ཁྲིམས་ཞེས་པའི་མདུན་དུ་བོད་ཡིག་འབྲི་ཀློག་སྦྱངས་པ་རེད། དེའི་རྗེས་དེ་སྔོན་གླིང་མཁར་གཤིས་རྫོང་དགེ་རྒན་ཟབ་སྦྱོང་སློབ་གྲྭར་སློབ་སྦྱོང་བྱས་ཤིང་། ༡༩༨༠ལོར་འབའ་ཐང་མཚོ་ལ་ཆུས་སུ་དགེ་རྒན་གྱི་འགན་བཞེས་པ་དང་། དེ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ལོ་གཅིག་ཟབ་སྦྱོང་བྱས་ནས་ལས་འཁྱུར་ངལ་གསོའི་བར་དུ་འབའ་ཐང་སློབ་འབྲིང་དུ་དགེ་རྒན་བྱས་པ་རེད། ཁོང་ཆུང་དུས་ནས་བོད་ཀྱི་ཟློས་གར་ལ་དགའ་ཞེན་ཐུན་མོང་མ་ཡིན་པ་ཞིག་ཡོད་ལ་ཟློས་གར་ཞལ་འབག་གིས་ནམ་ཡང་ཁོང་གི་ཡིད་དབང་བཀུགས་པས་ཟློས་གར་ཞལ་འབག་བཟོ་བའི་ལས་ལ་མཐའ་གཅིག་ཏུ་གཞོལ་བ་རེད། ལྷག་པར་དུ་ལས་འཁྱུར་ངལ་གསོ་བྱས་རྗེས། དགེ་རྒན་གདུགས་དཀར་གྱིས་མ་བསྐུལ་དང་ལེན་གྱིས་འབའ་ཐང་ལྷ་མོ་ཚོགས་པའི་ཞལ་འབག་བཟོ་མཁན་གྱི་འགན་ཆེན་ཕྲག་ཏུ་ཁུར་བ་རེད། ལོ་མང་པོའི་རིང་ལ་ཁོང་གིས་རང་གི་ཁྱིམ་ཚང་གི་སྒོ་རའི་ནང་དུའང་ན་ཆུང་སྟེང་གི་ལྷ་མོ་ཚོགས་པའི་སྤྱི་ཁང་དུ་ཞལ་འབག་ཡོངས་རྫོགས་གསར་དུ་བརྗེས་པ་རེད། ཁོང་དྲས་པ་དང་གཏུབ་པ། མཉེད་པ། རྡར་བ། ཕྲ་རྒྱག་པ། སྦྱར་བ། འཚེམ་པ་བཅས་ཀྱི་ཞལ་འབག་བཟོ་བའི་ལག་རྩལ་ལ་བྱང་ཆུབ་པས་ཞལ་འབག་ཐམས་ཅད་གསོན་ཉམས་དོད་པོ་དང་སྙིང་རྗེ་མོ་ཤ་སྟག་ཡིན་ཞིང་། ཞལ་འབག་ལ་རིགས་ཆེན་དྲུག་དང་རིགས་ཆུང་བརྒྱ་ལྷག་ཡོད་པ་རེད། ལྷག་པར་དུ་ཁོང་ལྷ་མོ་ཟློས་གར་གྱི་འགོ་འཛུགས་ཟློས་གར་ཏེ《རྒྱང་མཁར་ར》ཡི་འཁྲབ་ཆས་ཞལ་འབག་སྔོན་མོ་བཟོས་པའི་ལག་རྩལ་རྩེར་སོན་ཡོད། ཁོང་གིས་དང་པོ་ཀོ་ཤོག་སྲ་མོ་གྲུ་གསུམ་དབྱིབས་རྩེ་མོ་ཐུར་དུ་བསྟན་པ་ཞིག་དྲས་དགོས་ལ། སྟེང་གི་མཐའ་ངོས་དེ་ཚེས་གསུམ་ཟླ་བའི་དབྱིབས་སུ་བཟོས་པ་དང་། ལྕགས་ལེབ་ཀྱིས་བརྟན་པོར་བཟོས་རྗེས་རས་སྤུ་མ་ནག་པོས་བཏུམ་དགོས། ཐོད་རྒྱན་གོས་ཆེན་གསེར་མས་མཐའ་ཤན་བརྒྱབ་པ་དང་དེའི་ཐོག་ཏུ་ཕྲེང་རྡོག་རྩིང་ཞིབ་གཉིས་ཀྱིས་ཕྲ་བརྒྱབ་ཅིང་། ནང་ངོས་སུ་དུང་འབྲུ་སོགས་ལས་གྲུབ་པའི་མེ་ཏོག་གི་བརྒྱན་ཡོད། གཡས་གཡོན་གྱི་བཟོ་དབྱིབས་ནི་གསེར་ཉ་ཟུང་གི་དབྱིབས་སུ་གྲུབ་ཡོད། དཔྲལ་དཀྱིལ་དུ་ཤོག་བུ་དཀར་པོས་དྲས་པའི་ཐབས་དང་ཤེས་རབ། བསོད་ནམས་བཅས་ཀྱི་མཚོན་བྱེད་དུ་ཉི་ཟླ་སྐར་གསུམ་གྱི་བཟོ་དབྱིབས་སྦྱར་བ་དང་། སྨིན་མ་དང་ཁ་སྤུ་ཡང་ཤོག་བུ་དཀར་པོས་སྤྲིན་འཁྱིལ་མའི་དབྱིབས་སུ་བཟོས་པ་དང་། ཁ་མིག་སྣ་གསུམ་ཚག་རས་དམར་པོ་ལས་གྲུབ་ཅིང་། འགྲམ་པ་ནི་དུང་འབྲུ་བཞི་དང་ཕྲེང་རྡོག་དམར་པོ་གཅིག་བཅས་ལས་གྲུབ་པའི་མེ་ཏོག་འདབ་བཞི་མས་མཚོན་ཡོད་པས་ལངས་གཟུགས་ཅན་གྱི་རྣམ་པ་དོད་ཡོད། ཞལ་འབག་གི་རྣ་བ་ནི་དཀྱིལ་དུ་གཡུ་འདྲ་དང་གོང་འོག་བྱུར་འདྲ་གཉིས་སྤེལ་ནས་གྲུབ་པ་དང་སྟོང་སྐུད་དམར་པོའི་ཚག་ལོ་ཉིས་གཤིབ་འཕྱང་ཡོད། ཞལ་སྨད་ཀྱི་མཐའ་རུ་ཞོ་ཕྱེད་ཙམ་གྱི་ར་ལྤགས་སེར་ནག་གིས་མཐའ་ཤན་བརྒྱབ་ཡོད། སྤྱི་གཙུག་ཏུ་གོས་ཆེན་གསེར་མས་བཟོས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཅོད་པན་བཟོས་ཤིང་རྒྱབ་ཏུ་དཔྱངས་ཡོད། ཞལ་འབག་གྱོན་དུས་དར་ཐག་ལེབ་མོས་མགོ་དང་འགྲམ་ངོས་སུ་སྲ་མོ་བསྡམ་དགོས་པ་རེད། རྣོ་ལྕགས་དང་ཕྲེང་རྡོག དུང་འབྲུ་བཅས་ནང་ལོགས་ནས་འདྲེན་དགོས་པ་ལས་དེ་མིན་གྱི་རྒྱུ་ས་རང་ས་ན་ལེན་ཆོག་པ་རེད་ཅེས་བཤད། ཁོང་གིས་བཟོས་པའི་ཞལ་འབག་སྔོན་པོ་ནི་གནའ་ཉམས་དོད་ཅིང་བག་ཆགས་པོ་ཡིན་ལ། དགོད་བྲོ་བའི་རྣམ་པ་མངོན་ཞིང་བཀྲ་ཤིས་པའི་དོན་སྙིང་ཡང་ཡོད་པ་རེད། དེ་མིན་ཁོང་གིས་ས་དམར་གྱིས་བཟོས་པའི་སྟག་མགོ་ཞལ་འབག་གི་མགོ་དཀྱེལ་ཆེ་ཞིང་གདོང་ཡངས་པ་དང་། ཁ་སྣ་ཆེ་ལ་རྫིག་ཉམས་དོད་ཅིང་། ནང་ཁོག་སྟོང་པ་ཡིན་པས་གྱོན་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པར་བརྟེན། ཚང་མས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

      དགེ་རྒན་གདུགས་དཀར་གྱི་བོད་ཡིག་ཆུ་ཚད་ཡག་པོ་ཡོད་པས་ཁོང་གིས་ལྷ་མོ་ཚོགས་པའི་ཞལ་འབག་གསར་བཟོ་དང་ཉམས་གསོ་བྱས་པར་ཕུད། ད་དུང་ལྷ་མོ་ཟློས་གར་གྱི་རྔ་མཁན་གྲགས་ཅན་བསྟན་པ་རབ་རྒྱས་དང་། འབའ་ཐང་རྫོང་སློབ་འབྲིང་གི་དགེ་རྒན་བསྟན་དམ། ལྷ་མོ་ཟློས་གར་ཚོགས་པའི་ཚོགས་དཔོན་ཤེས་རབ་བཅས་ཀྱིས་《པད་མ་འོད་འབུམ》ཕུད་པའི་བོད་ཀྱི་ཟློས་གར་འཁྲབ་གཞུང་ཆེན་པོ་བདུན་འབའ་སྐད་ཀྱི་ཐོག་ནས་ལེགས་སྒྲིག་བྱས་ཏེ་ཚང་མས་གོ་བདེ་ཞིང་ཉན་སླ་མོར་བཟོས་པ་རེད། བྱ་བ་དེ་ལེགས་འགྲུབ་ཡོང་ཆེད་ཁོང་རྣམ་པས་དཀའ་ངལ་བརྒྱ་ཕྲག་ཐུབ་ཀྱང་དཔའ་མི་ཞུམ་པའི་སྙིང་སྟོབས་བཅངས་པ་དང་། ལྷག་པར་ལོ་ན༧༦ལ་སོན་པའི་དགེ་རྒན་གདུགས་དཀར་གྱིས་ལས་ཀའི་ལས་ཆོད་ཆེ་རུ་གཏོང་ཆེད་ངལ་བར་མ་འཛེམས་ནས་རྩིས་འཕྲུལ་དུ་བོད་ཡིག་རྒྱག་སྟངས་དང་བསྐྱར་པར་འཕྲུལ་ཆས་སྤྱོད་སྟངས་སྦྱངས་ནས་ལམ་ལྷོང་བྱུང་བ་དང་། རྔ་ཚིགས་ནི་ཟློས་གར་གྱི་བླ་སྲོག་ལྟ་བུ་ཡིན་པས། འཁྲབ་བྱའི་མི་སྣ་མི་འདྲ་བར་རྔ་ཚིགས་རྡུང་སྟངས་མི་འདྲ་ཞིང་། འཁྲབ་མཁན་ཚོས་རྔ་མཁན་གྱིས་རྔ་རྡུང་ལུགས་ལྟར་སྟངས་སྟབས་བསྒྱུར་དགོས་པས་འཁྲབ་སྟོན་པ་གསར་པ་ཚོས་རྔ་ཚིགས་བདེ་བླག་ངང་ཤེས་པའི་ཆེད་དུ། ཁོང་ཚོས་རྔ་ཚིགས་ཐམས་ཅད་རིགས་བགོས་ནས་ཕྱོགས་བསྡུས་བྱས་པ་སྟེ། འཁྲབ་བྱའི་མི་སྣ་སུ་ཞིག་ཐོན་པའི་སྐབས་སུ་རྔ་དང་སྦུལ་ཆལ་རྡུང་ཐེངས་ག་ཚད་བྱ་དགོས་པ་ཡན་ཆད་ཞིབ་ཅིང་ཕྲ་བ་བཀོད་པ་རེད། དགེ་རྒན་གདུགས་དཀར་གྱི་སོར་མོའི་རྩེ་འོག་ནས་འབའ་ཐང་ལྷ་མོ་ཟློས་གར་འཛིན་སྐྱོང་སྤེལ་གསུམ་ལ་མཁོ་བའི་ཞལ་འབག་ངོ་མཚར་སྟོང་ལྡན་དང་གསེར་འབྲུ་དངུལ་འབྲུ་ས་ཡ་བྱེ་བ་ཐོན་པ་ནི་སྟོང་གསུམ་ནོར་བུས་བཀང་ཡང་རིན་པ་མི་ཁུག་པ་ཡིན་ལ། ལྷག་བསམ་གྱི་ཞེན་པ་དཀར་པོ་ཇི་སྲིད་འཇིག་རྟེན་མཐའ་རུ་མ་སྟོང་བར་འཕྲོ་བར་ངེས་སོ།།

འབའ་ཐང་ལྷ་མོའི་ཟློས་གར།
དཀར་མཛེས་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཤེས་རབ།

དགུ། དཀར་མཛེས་ཁུལ་གཟུགས་མེད་རིག་གནས་ཏེ་དབྱར་གནས་དུས་སྟོན་གྱི་འཐུས་ཚབ་རང་བཞིན་གྱི་བརྒྱུད་འཛིན་པ་ཤེས་རབ།

    འབའ་ཐང་ལུང་པ་རང་ནས་འཚར་ལོངས་བྱུང་བའི་ལྷ་མོ་ཟློས་གར་གྱི་སྲོག་རྒྱུན་སྐྱོང་མཁན་ཆུ་འཁོར་གཉའ་མ་དང་ཨ་མཚོ། ཨ་ཁུ་དགྲ་འདུལ་དང་བློ་གྲོས། ཨ་ཁྲིམས། དཔའ་དམ། བཀྲ་ཤིས། སུའུ་འཕྲིན་ལས། བསྟན་པ། ཁྲང་སིང་། སྐལ་བཟང་རྒྱལ་མཚན། གཡུ་སྒྲོན་སོགས་བརྒྱུད་ནས་དུས་རབས་འདིའི་ལོ་རབས་བརྒྱད་ཅུ་པར་བསླེབས་དུས། འབའ་ཐང་ལྷ་མོ་ཟློས་གར་འཛིན་སྐྱོང་སྤེལ་གསུམ་གྱི་འགན་ཆེན་དེ་ཤེས་རབ་ཀྱི་ཕྲག་ཏུ་མ་བསྐོས་རང་འབབ་ཏུ་གྱུར། ཤེས་རབ་ཀྱི་མིང་ཆ་ཚང་ལ་ཤེས་རབ་རྒྱལ་མཚན་ཞེས་ཟེར་བ་དང་། འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་ཚེས་བཅུ་ཤོག་གྲོང་སྡེའི་མི་ཡིན། ད་ལྟ་དཀར་མཛེས་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་དབྱར་གནས་དུས་སྟོན་གྱི་འཐུས་ཚབ་རང་བཞིན་གྱི་བརྒྱུད་འཛིན་པ་ཡིན་ཞིང་། འབའ་ཐང་ལྷ་མོ་ཚོགས་པའི་ཚོགས་དཔོན་གྱི་འགན་བཞེས་ཀྱི་ཡོད། ཤེས་རབ་ཀྱི་རྨོ་མོ་ནི་ལྷ་མོ་ཟློས་གར་ལ་ཧ་ཅང་དགའ་མཁན་ཡིན་ལ་ཟློས་གར་རྣམ་ཐར་སྐོར་ལ་ཆ་རྒྱུས་ཆེ་བས་ཤེས་རབ་ཆུང་དུས་ནས་ཁྱིམ་ཚང་གི་ཤུགས་རྐྱེན་གང་ལེགས་ཐེབས་ཡོད་པ་རེད། སློབ་ཆུང་ནས་མཐར་ཕྱིན་རྗེས་ཤེས་རབ་རྫོང་གི་ལྷ་མོ་ཟློས་གར་གསོ་སྦྱོང་འཛིན་གྲྭར་ཞུགས་ཤིང་དགེ་རྒན་མཁས་པ་མང་པོར་བསྟེན་ནས་གར་རྡུང་དབྱངས་ཚིག་དང་བཅས་པ་སློབ་སྦྱོང་བྱེད་འགོ་བརྩམས། ལོ་འགའ་སོང་བའི་རྗེས་ཏེ་ཤེས་རབ་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་ཀྱི་དབྱར་གནས་དུས་སྟོན་ཞིག་གི་ཐོག་ལ་ལྷ་མོ་ཚོགས་པས《གཟུགས་ཀྱི་ཉི་མ》ཡི་རྣམ་ཐར་འཁྲབ་པའི་ཚེ། འཁྲབ་སྟོན་པ་ཞིག་ལ་གློ་བུར་དུ་ཚ་ནད་ཅིག་ཕོག་ནས་འཆམ་ར་ནས་ཕྱིར་མི་བུད་ཀ་མེད་བྱུང་བ་དང་། དེའི་བར་མཚམས་སུ་ཚབ་བྱེད་མི་སྣ་གྲ་སྒྲིག་བྱེད་ཁོམ་མེད་པའི་སྐབས་ལ། ཟུར་དུ་ཡོད་པའི་ཤེས་རབ་ཀྱིས་མ་བསྐུལ་དང་ལེན་ངང་སྤོབས་པ་ཆེན་པོས་འཁྲབ་སྟོན་པ་དེའི་ཚབ་བྱས་ནས་འཁྲབ་ལེན་བྱས་པར་བརྟེན། དེར་ཡོད་དགེ་རྒན་དང་ལྟད་མོ་བ་ཚོ་ཧ་ལས་ནས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས། དེ་ནས་བཟུང་ཤེས་རབ་དང་ལྷ་མོ་ཟློས་གར་བར་འབྲལ་ཐབས་མེད་པའི་ཚེ་གཅིག་གི་འབྲེལ་བ་ཆགས། སློབ་འབྲིང་ནས་མཐར་ཕྱིན་རྗེས་ཤེས་རབ་འབའ་ཐང་ལྷ་མོ་ཚོགས་པའི་གྲུབ་མིའི་ཡ་གྱལ་དུ་གྱུར་ཅིང་། ཁྱིམ་ལས་སྒྲུབ་ཞོར་ལྷ་མོ་ཟློས་གར་འཁྲབ་སྦྱོང་ལ་ཉིན་མཚན་ལྟོས་མེད་ཀྱིས་བརྩོན་པ་གནང་། གླ་ཕོགས་སྐར་ལི་གང་ཡོད་མེད་ལ་མི་བལྟས་ནས་རང་གིས་དགའ་བའི་ལས་ལ་ནམ་ཡང་འབད་འབུངས་བྱེད་པ་ནི་ཤེས་རབ་ཀྱི་ཐུན་མིན་རང་གཤིས་ཤིག་ཏུ་གྲུབ་པ་དང་མི་ཚེ་དོན་དང་ལྡན་པར་འགྱུར་བའི་རྒྱུ་རྐྱེན་གཙོ་ཤོས་སུ་ཡང་གྱུར། དེ་ལྟར་མི་ཚང་མའི་མཐུན་སྣང་ལ་ཤེས་རབ་ནི་ལས་ཀྱིས་བསྐོས་པའི་ལྷ་མོ་ཟློས་གར་བ་ཞིག་ཡིན་པ་སྟེ། གཅིག་ཏུ་ན་ཚེ་རབས་སྔ་མའི་ལས་ཀྱི་བག་ཆགས་སད་པ་ཡིན་ཤས་ཆེ་སྟེ་ཤེས་རབ་ལ་གཞན་དང་མ་འདྲ་བའི་ལྷ་མོ་ཟློས་གར་གྱི་སྐྱེས་ཐོབ་ཤེས་རབ་ཡོད་པ་དང་། གཉིས་སུ་རང་རྒྱུད་དུལ་ཞིང་བརྩོན་སེམས་ཆེ་བ་དང་། གསུམ་དུ་ཁ་སྒོ་སྐྱེས་འབྲས་བཟང་ཞིང་ལྷག་པར་ངོ་གདོང་ལ་ལྷན་སྐྱེས་ཀྱི་སྐྱེས་པའི་གཟུགས་ལ་བུད་མེད་ཀྱི་ཁ་ངོའི་ཁྱད་ཆོས་ཡོད་པ་དང་། ད་དུང་ཚ་བའི་ས་ཁུལ་གྱི་ཉི་དུག་ཇི་ལྟར་ཆེ་ཡང་བཞིན་རས་ནག་པོར་འགྱུར་མི་སྲིད་པ་དེ་རེད།


འབའ་ཐང་ལྷ་མོའི་ཟློས་གར།

    ལྷ་མོ་ཟློས་གར་གྱི་བྱ་གཞག་བསྒྲུབས་ནས་ལོ30ལ་ཉེ་བའི་ཤེས་རབ་ཀྱིས་རྣམ་ཐར་གྱི་འཁྲབ་བྱའི་མི་སྣ་རྒྱལ་པོ་དང་བློན་པོ། མི་མ་ཡིན། སྲོག་ཆགས། ལྷས་སྲས་དང་ལྷ་མོ། རྔོན་པ་སོགས་འཁྲབ་མྱོང་ལ། རྒྱལ་བློན་ཆས་དང་རྔོན་པ་ཆས་དང་ལྷ་མོ་ཆས་སོགས་གྱོན་མ་མྱོང་བ་མེད། ལྷ་མོ་ཟློས་གར་འཁྲབ་ལེན་བྱེད་ཤེས་པ་ལས་འཁྲབ་བྱའི་མི་སྣ་ལ་ཆ་རྒྱུས་ཟབ་མོ་བླངས་པ་དེ་བས་གལ་ཆེ། འཁྲབ་བྱའི་མི་སྣའི་གཤིས་རྒྱུད་དང་བྱ་སྤྱོད་ཀྱིས་ནམ་ཡང་རང་ཉིད་ལ་ལེགས་ཉེས་ཀྱི་བླང་དོར་བསྟན་དང་སྟོན་བཞིན་ཡོད་ཅིང་། རྣམ་ཐར་གྱི་ནང་དོན་ཁོང་དུ་ཡག་པོར་ཆུད་སོང་ན་རྣམ་ཐར་འཁྲབ་ལེན་གྱི་བརྒྱུད་རིམ་ཁྲོད་དུ་རང་ཉིད་ཀྱི་ཀུན་སྤྱོད་དང་བྱང་ཚད་ཀྱང་ཡར་ངོའི་ཟླ་བཞིན་ཇེ་ཡག་ཏུ་འཕེལ་འགྲོ་བ་རེད་ཅེས་པའི་སྐད་ཆ་ལས་ཁོང་གིས་འཁྲབ་གཞུང་ནང་དུ་དགེ་བའི་ཆ་དངོས་ཡོད་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱེད་ཅིང་རང་གིས་ཉམས་ལེན་དང་གཞན་ལ་བརྩོན་བསྐུལ་བྱེད་ཀྱི་ཡོད་པ་ངམ་ཤུགས་སུ་རྟོགས་ཐུབ་པ་རེད། ཤེས་རབ་ཀྱིས་ལོ་མང་པོར་མྱོང་རོལ་དང་འཚོལ་ཞིབ་གནང་བར་བརྒྱུད་དེ་ལྷོ་ལུགས་བོད་ཀྱི་ལྷ་མོ་ཟློས་གར་གྱི་སྐད་ངག་གྱེར་ལུགས་མི་འདྲ་བ108ལེན་ཤེས་ཀྱི་ཡོད་ལ། སྐད་ངག་དེ་རྣམས་ཀྱང་ཁམས་ཀྱི་རོལ་དབྱངས་མཛོད་ལས་འབའ་ཐང་ལྷ་མོ་ཟློས་གར་གྱི་དན་གྲངས་མཛོད་ནང་དུ་གཏན་དུ་གསོག་ཉར་བྱས་ཡོད་པས་ལྷ་མོ་ཟློས་གར་གྱི་སྐད་གདངས་ལོ་ཟླའི་འགྲོས་དང་བསྟུན་ནས་མི་ནུབ་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། དེ་ནས་ཤེས་རབ་ཀྱི་སྐད་གྲགས་ཁྱབ་ཚད་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཁོང་འབའ་པའི་རང་སྒྲ་ཞེས་པའི་ལོ་སར་དགོང་ཚོགས་ཆེ་གྲས་དང་དཀར་མཛེས་ཁུལ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སོགས་སུ་ཞུགས་ནས་འབའ་ཐང་ལྷ་མོ་ཟློས་གར་ཁུལ་ཕྱི་ནང་ལ་ཁྱབ་སྒྲོག་བྱེད་པ་དང་། གསར་འགྱུར་འཕྲིན་སྦྱོར་ཁག་གིས་ཀྱང་ཁོང་གི་གནས་ཚུལ་དང་བྱས་རྗེས་རབ་དང་རིམ་པ་བཀོད་ཡོད། མཚན་སྙན་གྲགས་ཉིན་བཞིན་ཆེ་རུ་ཕྱིན་མོད། འོན་ཀྱང་ཤེས་རབ་ཀྱིས་ང་རང་ས་ཆ་སོ་སོར་ལ་ཕྱིན་ནས་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་སོང་བ་དང་། རིག་གནས་པ་མང་པོ་ངོ་ཤེས་པ་བྱུང་བ་འདི་ནི་ལྷ་མོ་ཟློས་གར་གྱི་བཀའ་དྲིན་ཁོ་ན་ཡིན་ཞེས་བཤད་པ་རེད།

    ཤེས་རབ་ཀྱིས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཆོག་གིས་བོད་འབངས་རྣམས་ཆུ་བོ་སྒྲོལ་བའི་དཀའ་ངལ་སེལ་ཆེད་ལྷ་མོ་ཟློས་གར་གསར་དུ་བཏོད་པའི་གཞན་ཕན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་ནི་བོད་ཀྱི་ལྷ་མོ་ཟློས་གར་གྱི་རྩ་བའི་འགན་ཆེན་ཡིན་ཞིང་། དུས་རབས་གསར་པར་བསླེབས་པ་དང་བསྟུན་ནས་དུས་བསྟུན་མདུན་སྐྱོད་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་འདིའི་ནང་དུ་དེང་རབས་ཀྱི་རིན་ཐང་ཡོད་པ་དང་འཛམ་གླིང་གི་དོན་སྙིང་ཡོད་པའི་རིག་གནས་སྙིང་བཅུད་དང་བསམ་པའི་ཉིང་བཅུད། མི་རིག་སྙིང་སྟོབས། ཀུན་སྤྱོད་ལུགས་བཟང་བཅས་བླངས་ཤིང་བསྟན་པའི་རྨང་གཞིའི་ཐོག་དུས་རབས་ཀྱི་ཆ་རྐྱེན་ཟེར་ན་འདྲ། ལག་ལེན་བླང་བྱ་ཟེར་ན་འདྲ། དེ་དག་ཟུང་འབྲེལ་ཡག་པོ་བྱས་ནས་ཁ་གསབ་བྱ་དགོས་སར་ཁ་གསབ་དང་། རྒྱ་སྐྱེད་གཏང་དགོས་སར་རྒྱ་སྐྱེད། འཐུས་སྒོ་ཚང་དུ་གཏང་དགོས་སར་འཐུས་ཚང་དུ་བཏང་ནས་བོད་ཀྱི་ལྷ་མོ་ཟློས་གར་གྱི་ལུས་ཕུང་ལ་དུས་རབས་ཀྱི་ནང་དོན་གསར་པ་དང་དེང་རབས་ཀྱི་རྣམ་པ་མཚོན་སྟངས་ཡོད་པའི་རྒྱན་ཆ་ཡག་པོ་ཞིག་སྤྲས་ཏེ། སྲོལ་རྒྱུན་རིག་གནས་དེའི་གསོན་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏང་བ་ནི་ང་དང་ང་འདྲ་བའི་འབའ་ཐང་ལྷ་མོ་ཟློས་གར་ཚོགས་པའི་གྲུབ་མི་ཡོངས་ཀྱི་ཕྲག་ཏུ་ལྷགས་པའི་འོས་འགན་རེད། དེ་ཡང་སྲོལ་རྒྱུན་རིག་གནས་འདིའི་སྲོག་རྩ་མི་ཆད་པའི་རྒྱུན་སྲུང་པ་དང་ས་བོན་མི་རུལ་བའི་རྒྱུད་འཛིན་པ་འབོར་ཆེན་གསོ་སྐྱོང་བྱ་རྒྱུ་ལ་རག་ལས་བསྡད་ཡོད་ཅེས་བཤད་པ་རེད།།

 

 

 

  • ལེ་ཚན་སྔོན་མ།:ལི་ཐང་ས་ཆའི་ཨ་ཅེ་ལྷ་མོའམ་དབྱར་གནས་ཀྱི་སྐོར་མདོ་ཙམ་བཤད་པ།
  • ལེ་ཚན་རྗེས་མ།:གར་གྱི་ཆ་བྱད་དགུ།