བསེ་རུས་ཆུ་རྗེས་སྙེག་པ།

གཅན་གླག་མིག        2022-04-08

དབྱར་གཞུང་གི་ཉིན་མོ་ཞིག་ལ། ནམ་མཁའ་དྭངས་ཤིང་གསལ་ལ། ཉི་འོད་དྲོ་ཞིང་འཇམ། བསེ་རུ་ཞིག་གྲོགས་མེད་ཁེར་རྐྱང་གི་ངང་ནས་ནགས་འདབས་སུ་ཕར་འགྲོ་ཚུར་འོང་བྱེད་ཅིང་མཆིས།

ཁོ་རང་ཁ་སང་ནས་བརྩམས་ཏེ་བསེ་རུའི་ཁྱུ་དང་བྲལ་ཅིང་། སྟོབས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ཏེ་ལམ་དུ་ཞུགས་ཤིང་བློ་རིག་འཛོམས་ཚད་སྤྱད་དེ་བསམ་བློ་བཏང་ཡང་བསེ་རུའི་ཁྱུ་གནས་གར་སྡོད་དང་ཡུལ་གང་དུ་ཕྱིན་པ་གོ་ཅི་ཡང་མ་ཆོད་པར་མ་ཟད། ད་དུང་དོ་ནུབ་ནས་ད་བར་དུ་ལྟོགས་སེལ་གྱི་ཟས་དང་སྐོམ་སེལ་གྱི་ཆུ་གང་ཡང་མ་རེག་སྟབས། གོམ་འགྲོས་ཁྱ་རེ་ཁྱོ་རེ་དང་མིག་ཟུང་རབ་བེ་རིབ་བེའི་ངང་དུ་གྱུར།

ཁོ་རང་སོང་གིན་སོང་གིན་སུག་ཏི་དངོས་པོ་སྙི་མོ་ཞིག་ལ་ཁེལ་པའི་ཚེ། ཅི་མི་སྙམ་པའི་ངང་མགོ་བོ་དུད་དེ་མར་བལྟས་པ་ན། གཟོད་སུག་ཏི་ཏག་ཏག་རྫིང་བུ་ཞིག་ཏུ་སྤོས་འདུག་པ་ཚོར་བས། ཁོས་འཕྲལ་མར་སུག་ཏི་བསྐུམས་ཤིང་། དེ་མ་ཐག་མགོ་བོ་སྒུར་ཅིང་། ཁ་ཆེར་གདངས། ལྕེ་བསྣར་ཏེ་ཆུ་འཐུང་བར་བརྩམས་མོད། ཡིན་ནའང་། གདོང་གི་རྭ་ཅོ་དང་། རྫིང་བུའི་ངོགས་ཀྱི་ཕ་བོང་། ད་དུང་རྫིང་བུའི་ཆུ་ཉུང་དྲགས་པ་དང་རྫིང་བུའི་ཁ་ཞེང་ཆུང་དྲགས་པ་བཅས་ཀྱིས་ཁོས་ཆུ་ཐིགས་ཙམ་ཡང་འཐུང་མ་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་རྭ་མགོ་ཚ་བེར་བེར་དང་རྭ་གཏིང་སྦྲིད་ཆིལ་ཆིལ་དུ་གྱུར་པས། ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ་རྭ་ཅོ་ཆུར་བསྒྲེས་པ་དང་རྫིང་བུ་དཀྲུགས་པ་གཉིས་དུས་གཅིག་ཏུ་བྱས་པས། རྫིང་བུའི་ཁ་ཤོར་ནས་རྙོག་ཆུ་ཕྱི་རུ་བཞུར།

ཁོ་རང་ཆུའི་བཞུར་རྒྱུན་དང་བསྡོངས་ནས་མཚམས་རེར་བརྒྱུགས་ཤིང་མཚམས་རེར་བསྡད་པ་དང་། ལན་རེར་སྔོན་ལ་བལྟས་ཤིང་ལན་རེར་རྗེས་སུ་ཅེར། སྐབས་རེར་གཡས་སུ་ཕྱིན་ཅིང་སྐབས་རེར་གཡོན་དུ་འདུར་བའི་ཚུལ་ནི་བྱི་ལས་བྱི་བ་བཟུང་ནས་རྩེ་བ་དང་ཀུན་ནས་མཚུངས་ལ། ཡང་ན། བྱིས་པ་པྲ་ཆལ་གཉིས་ཀྱིས་རྒྱུགས་རེས་བྱས་ཏེ་རྩེད་འཇོར་རོལ་པ་དང་ཡང་ཀུན་ནས་འདྲ།

བསེ་རུ་ཡོད་སའི་གནས་དེ་བདེ་ཐང་མིན་པར་ངོས་མི་སྙོམས་པས། ཆུ་ཕྲན་གྱུ་མ་གྱུའི་ངང་ནས་མི་འབབ་ཀ་མེད་དུ་གྱུར། དེ་བས། བསེ་རུ་སྔོན་དུ་ཤོར་ན་ཆུ་ཕྲན་རྗེས་སུ་ལུས་ཤིང་། ཆུ་ཕྲན་གཡས་སུ་བཞུར་ན་བསེ་རུ་གཡོན་དུ་འདུར་བའི་ངང་ཚུལ་གཅིག་མིན་དུ་གནས་ཙ་ན། རིམ་གྱིས་ཁོས་ཆུ་ཕྲན་ནི་གཤོང་སའམ་དམའ་སར་བཞུར་བ་རྟོགས་ཏེ་རྒྱུགས་ཐེངས་གཅིག་གིས་ཆུ་ཕྲན་གྱི་ཁ་གཏད་ཀྱི་གཤོང་གཤོང་གི་སར་ཕྱིན་ཅིང་། ལམ་སང་ཁ་ཕྱིར་འཁོར་ཏེ་ཁ་གདངས་ཤིང་། ལྕེ་བསྣར། མིག་བགྲད། ལུས་བསྐུམས་ནས་སྐོམ་པའི་ཆུ་ལ་རེ་ཞིང་བསྒུགས། སྐབས་དེར་ཁོའི་ལུས་ཡོངས་ནས་རེ་བའི་འོད་ཟེར་འཕྲོས་བྱུང་། རེད་དེ། ཆུ་ཕྲན་ཏག་ཏག་ཁོའི་ཁ་ནང་དུ་བཞུར་ལ་ཉེ་དུས། བསེ་རུ་ལ་འཐུང་དུ་འཇུག་འདོད་མེད་པའི་ཟོལ་གྱིས་གྲོག་ཤུར་དུ་བཞུར་ཏེ་ཆུ་ཕྲན་གཞན་དང་འདྲེས། ཁོས་ཚུལ་དེ་མཐོང་འཕྲལ། རེ་བ་གསར་པ་དང་བསམ་ཚུལ་གསར་པ་བྱུང་སྟེ་འཛུམ་དང་བཅས་ཏེ་ཕྱོགས་བཞི་མཚམས་བརྒྱད་ལ་བལྟས།

བསེ་རུས་གྲོག་ཤུར་གྱི་ཟབ་ཚད་དང་ཆུའི་མང་ཉུང་ལ་ཞིབ་ཏུ་དཔྱད་རྗེས། རྟ་ཕོའི་འགྲོས་ཀྱིས་ཁོ་དང་ཐག་མི་རིང་བའི་ས་རུ་ཡོད་པའི་སྨྱུག་གསར་སྨི་གཅིག་དང་ཕྱེད་ཙམ་ལོངས་པ་ཞིག་བཅགས་ཏེ་གྲོག་ཤུར་གྱི་ཁ་རུ་འབྱོར་པ་དང་། དེ་ནས་ལམ་སང་སྨྱུག་གསར་གྱི་གཞོགས་གཅིག་ལ་ཕུ་ཤུགས་ཀྱིས་བཏབ་མཐར། སྨྱུག་གསར་གྱི་ཚིགས་རྣམས་འཐོར་སོང་བས། ཁོས་དགའ་མགུ་ཡིད་ཚིམ་གྱིས་སྨྱུག་གསར་གྱི་གཞོགས་གཡས་ཆུ་ནང་དུ་བསྣར་པ་དང་། གཞོགས་གཡོན་པ་རང་གི་ཁ་ནང་དུ་བཙུགས་མཐར། གང་ཞིག་ཐོབ་སོང་བ་དང་ཅི་ཞིག་གྲུབ་སོང་བའི་ཟོལ་གྱིས་འཛུམ་ཤ་ལྷུག་པོར་གྲོལ་ཏེ་ཤུགས་ཀྱིས་བཞིབས་ཙ་ན། གྲོག་ཤུར་གྱི་ཆུ་མངོན་སུམ་གྱིས་ཇེ་ཉུང་དུ་གྱུར་པ་དང་བསྟུན་ནས་བསེ་རུའི་མིག་ཟུང་ཡང་ཇེ་ཆེར་གྱུར་ཅིང་། གདོང་གི་འཛུམ་མདངས་ཀྱི་རི་མོ་ཡང་ཇེ་ཡག་ཏུ་གྱུར། འོན་ཀྱང་སྨྱུག་གསར་གྱི་གཞོགས་གཅིག་གི་ཁ་རྡེའུ་ཞིག་གིས་ཁེགས་སོང་བས། ཁོས་མགོ་བོ་དགྱེ་སྟེ་སྟོབས་ཤུགས་ཡོད་དགུས་ཕུ་ཞིག་བཏབ་མཐར། སྨྱུག་གསར་གྱི་ཁོག་གི་ཆུ་དང་རྡེའུ་གཉིས་ཀ་ཅིག་ཅར་དུ་ཕྱི་ཁུང་དུ་ལྷུང་བས། ཕལ་བའི་སྣང་ངོར་བསེ་རུས་ཆུ་བཏུང་ནས་སྐོམ་བསལ་རྒྱུའི་རེ་བ་གཏོང་ཟད་དང་ངལ་བ་འབྲས་མེད་དུ་གྱུར་མོད། ཡིན་ནའང་ཁོ་རང་རེ་ཐག་ཡེ་ནས་མ་ཆད།

བསེ་རུ་ཕྱི་ཁུང་ཁར་ཕྱིན་ཏེ་ཕུ་ཞིག་བཏབ་པའི་ཚེ། དར་ཅིག་ལ་ཆུའི་རྙོག་སྒྲ་མཚམས་མེད་དུ་གྲགས་བྱུང་བས། ཁོའི་རེ་བའི་མེ་དཔུང་ཡང་བསྐྱར་འབར་བྱུང་སྟེ།

བསེ་རུས་ཕྱི་ཁུང་གི་སྣེ་གཅིག་ལ་གཏད་དེ་ནུས་ཤུགས་ཡོད་དགུས་ཕུ་བཏབ་པ་ན། ཕྱི་ཁུང་གི་སྣེ་གཞན་དུ་ཆུ་ཕྲན་མཁའ་རུ་འཕྱོས་པས། ཁོ་རང་དེ་མ་ཐག་བང་གིས་ཆུ་ཕྲན་གྱི་ཕྱོགས་སུ་བརྒྱུགས། ཡིན་ནའང་ཆུ་ཕྲན་ཁོའི་སྔོན་ལ་ཕྱིར་ཕྱི་ཁུང་དུ་ལྷུང་བས། ཁོའི་ཆུ་འཐུང་རྒྱུའི་རེ་བ་མ་འགྲུབ། དེ་ནས་ཁོས་ཕུ་བཏབ་པའི་ཤུགས་དང་། ཆུ་ཕྲན་ནམ་མཁའ་ནས་ཕྱི་ཁུང་དུ་ལྷུང་བའི་འགྲོས་ཚད་ལ་ཞིབ་ཏུ་བརྟགས་རྗེས། སླར་ཡང་ཁུང་གི་སྣེ་གཅིག་ལ་གཏད་དེ་ནུས་ཤུགས་ཡོད་དགུས་ཕུ་བཏབ་པ་ན། ཕྱི་ཁུང་གི་སྣེ་གཞན་དུ་ཆུ་ཕྲན་མཁའ་རུ་འཕྱོས་པས། ཁོ་རང་མགྱོགས་མྱུར་གྱིས་ཆུ་ཕྲན་གྱི་ཕྱོགས་སུ་བརྒྱུགས། ཡིན་ནའང་ཁོ་རང་སྔར་ལྟར་ཆུ་ཕྲན་གྱི་རྗེས་མ་ཆོད། ཁོས་འདི་ལྟར་འཕྲོ་རིམ་འཕྲོར་ཕྱི་ཁུང་གི་སྣེ་གཉིས་ནས་ཕར་རྒྱུག་ཚུར་རྒྱུག་བྱས་བྱས་ནའང་ད་དུང་ཆུ་འཐུང་མ་ཐུབ་པས། མཐར་ཁོང་ཁྲོ་གཏིང་ནས་ལངས་ཏེ་ཕྱི་ཁུང་གི་སྣེ་གཉིས་ལ་རྭ་ཅོས་ལན་མང་གཙགས་པ་ན། ཆུའི་རྙོག་སྒྲ་ཡེ་ནས་ཐོས་རྒྱུ་མེད་པར་གྱུར། དེའི་ཚེ་ཁོའི་ལུས་ཤུགས་དང་སེམས་ཤུགས་གཉི་ག་ཟད་དེ་ཟུར་ཞིག་ཏུ་ངལ་གསོ་བར་བརྩམས་དུས། གློ་བུར་དུ་མཚེའུ་ཞིག་མཐོང་བས། ཁོས་དེ་ཉིད་འཁྲུལ་སྣང་དུ་བརླམས་ནས་ཁ་ཡ་མ་བྱས་པར་གཉིད།

གཉིད་ལས་སད་དུས། མཚེའུ་དེ་ད་དུང་ཁོའི་མིག་མདུན་དུ་ཡོད་པས། ཁོས་མིག་ཟུར་ཆེར་བགྲད་དེ་ཡང་ཡང་བལྟས་ཤིང་། རྨི་ལམ་དང་མངོན་སུམ་གང་ཡིན་ཡང་བལྟ་རྒྱུ་གལ་ཆེ་སྙམ་སྟེ་དལ་བ་དལ་བུར་མཚེའུ་ཡི་ཕྱོགས་སུ་ཕྱིན་པ་ན། ད་གཟོད་དེ་ནི་རྨི་ལམ་དང་འཁྲུལ་སྣང་མིན་པ་གཞི་ནས་རྟོགས་ཏེ་སྐོམ་ཆུ་བློ་ཡིད་ཚིམ་པ་སྤྱད་དོ། །

  • ལེ་ཚན་སྔོན་མ།:འབྲོང་རྭ་བཙལ་བའི་ཉིན་གཅིག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།