རི་ལུང་ཆུང་ཆུང་ཨར་གཞས་སྙན་མོས་བརྒྱན།

དཔལ་མགོན།    རྔ་བའི་གསར་འགྱུར་དྲ་བ།    2022-04-07

རི་ལུང་ཆུང་ཆུང་ཨར་གཞས་སྙན་མོས་བརྒྱན།

      རི་ཀླུང་ཕྲེང་དུ་བརྒྱུས་ཤིང་ཆུ་ཕྲན་དལ་གྱིས་བཞུར། ནམ་མཁའ་སྔོ་ཞིང་བསངས། འདུ་འཛིས་ཁེངས་པའི་གྲོང་ཁྱེར་དང་གྱེས་ཏེ། ལྷིང་འཇགས་ཆེ་ལ་གསོན་ཤུགས་ཀྱིས་ཁེངས་པའི་རི་གྲོང་སྟེ། མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་མཐའ་བ་སྡེ་བའི་དྲེད་ལུང་རུ་བར། ས་གྱང་གི་བོད་ཁང་སྟར་ལ་བསྒྲིགས། དུས་རབས་ཀྱི་མདུན་བསྐྱོད་གོམ་སྒྲའི་ཁྲོད། གྱང་ཁང་དེ་དག་ལ་ཡང་དུས་རབས་ཀྱི་ཁྱད་ཆོས་རྣམ་པར་མངོན།

      རང་རྒྱལ་ལའང་ས་ཡིས་མཁར་གྱང་རྡུང་བའི་སྲོལ་ཡོད་དེ། ས་ཡིས་ཁང་བ་དབྱིན་ཧྲེང་དུས་ལས་སྲོལ་ནས་ཡོད། བོད་ཀྱི་གྱང་རྡུང་ལག་རྩལ་ནི་བོད་ཁང་བཟོ་བཀོད་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ལག་རྩལ་དེ་ནི་ས་ནག་དང་རྡོ་ཧྲུག་གཅིག་ཏུ་འདྲེས་ཤིང་། བརླན་ཚད་འོས་འཚམས་ཀྱིས་རིམ་པ་བཞིན་མཐོར་རྡུང་བའི་ཆེད་སྤྱོད་ཀྱི་བཟོ་བཀོད་ལག་རྩལ་ཞིག་ཡིན། གྱང་པང་ནི་གྱང་རྡུང་ཡོ་ཆས་ཁྲོད་ཀྱི་ཡོ་བྱད་ཆེ་ཤོས་ཡིན་ལ། དེ་ནི་ཤིང་ལེབ་མཐུག་པོས་བཟོས་པ་རེད། དེ་ནས་གྱང་སྡོང་སར་བཙུགས་ཏེ་གྱང་པང་ཡར་ལ་འདེགས་དགོས། སྡེ་བའི་ཁྱིམ་ཚང་སུ་ལ་ཁང་བ་ཕུབ་དགོས་ཚེ། སྡེ་བ་དེར་ཁོམ་ལོང་ཡོད་མཁན་ཚང་མ་རོགས་ལ་ཡོང་ནས། མི་གྲངས་བཅུ་ཁ་ནས་བརྒྱ་ཡན་གྱིས་ལག་ཏུ་གྱང་ཐོ་བཟུང་སྟེ། གྱང་བརྟན་པོར་རྡུང་ལ། སྐྱེས་པས་གྱང་ཞི་རྡུང་སྐྱེས་མས་སླེ་བོ་ཁུར་ཏེ་ས་བརླན་སྐྱེལ། གྱང་རྡུང་སྐབས་མཐོ་ཚད་ཁྲི་ཙེ་གང་རེའི་མཚམས་ནས་ཡར་སྤོ་དགོས་ལ། གྱང་གཏིང་སྦོམ་ལ་གྱང་རྩེ་ཕྲ་བས། མཆོད་རྟེན་གྱི་རྣམ་པ་དང་འདྲ། འདིའི་ཁྱད་ཆོས་གཙོ་བོ་ནི་རྩིག་གྱང་སྲ་བར་མ་ཟད། དགུན་ཁ་དྲོ་ལ་དབྱར་ཁ་བསིལ་བའི་ནུས་པ་ལྡན།

རི་ལུང་ཆུང་ཆུང་ཨར་གཞས་སྙན་མོས་བརྒྱན།

      མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་མཐའ་བ་གྲོང་སྡེའི་དྲེད་ལུང་རུ་བའི་གྲོང་མི་ཨོ་རྒྱན་སྐྱབས་ཀྱིས་བཤད་རྒྱུར། ང་རང་ཆུང་དུས་ནས་ཨ་ཕའི་རྗེས་སུ་འབྲངས་ཏེ་གྱང་རྡུང་ལག་རྩལ་སྦྱངས་པ་ཡིན། ད་ལྟ་ཚང་མས་ཨར་འདམ་གྱིས་ཁང་བ་སྐྲུན་བཞིན་ཡོད། ཡིན་ཡང་ཨར་འདམ་ནི་ས་གྱང་དང་བསྡུར་ན་ཡུན་མི་རིང་། ས་གྱང་རྡུང་བར་མ་རྩ་ཉུང་བར་མ་ཟད་ལོ་ངོ་བརྒྱ་ཕྲག་ལ་གནས་ཐུབ། ལྷག་ཏུ་ང་ཚོ་མཐོ་སྒང་གི་དགུན་ཁ་ཤིན་ཏུ་གྲང་བས། ཨར་འདམ་གྱི་ཁང་བའི་གཟུགས་འགྱུར་སླ་བའམ་ཡང་ན་ཡར་འབུར་ཡོང་། ས་གྱང་གི་ཁང་བར་འགྱུར་བ་ཅི་ཡང་མི་འབྱུང་བར་མ་ཟད། མེ་འགོག་གི་ནུས་པའང་ཤིན་ཏུ་ཆེ། ཁང་བ་སྐྲུན་སྐབས་ང་ཚོས་ས་གྱང་གིས་འབྲུ་མཛོད་བཟོས་ཏེ། འབྲུ་རིགས་དང་དངོས་རྫས་རྩ་ཆེན་དེར་ཉར་བས། མེ་སྐྱོན་བྱུང་ན་མི་ཐར་ཐབས་བྱེད་པ་ལས། འབྲུ་མཛོད་ལ་དེ་འདྲའི་སེམས་ཁྲལ་བྱེད་མི་དགོས། ཁྱིམ་མཚེས་ལ་མཚོན་ནའང་དེ་འདྲའི་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། ས་གྱང་ནི་སྲུང་རྒྱ་ཞིག་དང་འདྲ་བར་མེ་གྱང་གི་ནང་ཚོད་འཛིན་བྱེད་ཐུབ།

རི་ལུང་ཆུང་ཆུང་ཨར་གཞས་སྙན་མོས་བརྒྱན།

      ངལ་རྩོལ་ལས་གླུ་གཞས་བྱུང་ལ་གླུ་གཞས་ཀྱིས་ངལ་རྩོལ་ལ་རམ་འདེགས་བྱེད། བོད་མི་རིགས་ནི་གླུ་གར་ལ་མཁས་པའི་མི་རིགས་ཤིག་ཡིན། དུས་ཡུན་རིང་བོའི་ངལ་རྩོལ་ཁྲོད། ངལ་རྩོལ་དང་འགྲོགས་ཏེ་གླུ་གཞས་ལེན་པའི་གོམས་སྲོལ་སྔ་མོ་ནས་ཆགས་ཡོད། གླུ་གཞས་ཀྱིས་ལུས་ཤུགས་ཀྱི་ངལ་རྩོལ་ཇེ་ཡང་དུ་གཏོང་ཐུབ་ལ། ངལ་རྩོལ་གྱི་ངར་ཤུགས་རྒྱུན་འཁྱོངས་ཀྱིས་ལུས་ཤུགས་གྲོན་ཆུང་བྱེད་ཐུབ། ཨར་གཞས་ནི་བོད་ཁུལ་དུ་དར་སྲོལ་ཆེ་བའི་ས་གྱང་གི་ཁང་བའི་བཟོ་བཀོད་འཛུགས་སྐྲུན་གྱི་ངལ་རྩོལ་གླུ་གཞས་ཀྱི་གྲས་ཡིན། སྤྱིར་བཏང་གཞས་ཚིག་ལ་ནང་དོན་གཏན་ཁེལ་མེད་ལ། གཞས་ཚིག་ཐུང་བ་དང་། དབྱངས་འགྲོས་སྤྲོ་བས་ཁེངས་ཤིང་གསལ་ཆ་ཆེ། མི་གྲངས་བརྒྱ་ལྷག་གིས་གྱང་རྡུང་གི་འགྲོས་དང་བསྟུན་ནས་མགྲིན་གཅིག་ཏུ་ལེན། དེས་མི་རྣམས་ལ་ངར་ཤུགས་བསྐྱེད་ཅིང་ངལ་རྩོལ་གཟེངས་སུ་བསྟོད་པས། མི་རྣམས་ཀྱི་མཐུན་སྒྲིལ་དང་འཚོ་བའི་སྤྲོ་སྣང་ཆེར་བསྐྱེད་ཐུབ།

རི་ལུང་ཆུང་ཆུང་ཨར་གཞས་སྙན་མོས་བརྒྱན།

      ཉེར་སྤྱོད་རིན་ཐང་དང་མཛེས་རྟོག་རིན་ཐང་ཐད་ནས། གྱང་ཁང་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན། ས་བབ་ཀྱི་ཁོར་ཡུག་དང་མི་ཆོས་རིག་གནས་ཀྱི་ཁོར་ཡུག་མི་འདྲ་བས། དེ་རིང་ང་ཚོའི་མིག་གི་དགའ་སྟོན་དུ་གྱུར་བའི་གྱང་ཁང་ཐུན་མོང་མ་ཡིན་པ་འདི་བཞེངས། ད་ལྟའི་སྤྱི་ཚོགས་འདིར། གྱང་ཁང་ལ་སྔར་བཞིན་ངོ་མཚར་ཆེ་ལ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཐུབ།།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་འདིས་རྒྱ་མེན་འདེབས་མི་ཆོག་པ་ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:ཀླད་སྐྱོན་ཕོག་ཡོད་པའི་ཕོ་གསར་གྱིས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།
  • དོ་སྣང་ཆེ་བའི་རྩོམ།