གསེར་རྟ་རྫོང་གིས་དཔྱིད་རྨོད་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ཡག་པོ་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-04-06

ད་སྔར་དཔྱིད་རྨོད་གྲ་སྒྲིག་གི་དུས་སུ་སླེབས་པ་དང་། གསེར་རྟ་རྫོང་གིས་མཁོ་སྤྲོད་འདང་ངེས་དང་སྤུས་ཚད་འགན་ལེན། དཔྱིད་རྨོད་གྲ་སྒྲིག་ཉེན་ཁ་མེད་པ། ཁྲོམ་ར་བརྟན་བརླིང་བཅས་ཀྱི་ལས་ཀའི་བླང་བྱ་ལྟར་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཏན་ཏིག་ངང་སྤེལ་ནས་ཞིང་ལས་ཐོན་སྐྱེད་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱས་པ་རེད།

ཞིང་ལས་རྒྱུ་ཆའི་གསོག་ཉར་བང་མཛོད་རྒྱ་བསྐྱེད་དུ་བཏང་། རིམས་ཚུལ་འགོག་ཟོན་དང་ཟོག་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱས་ནས་དཔྱིད་རྨོད་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་དགོས་མཁོར་ལྟ་ཞིབ་ཚད་ལེན་དང་ཉོ་སྒྲུབ་དབོར་འདྲེན་བྱེད་ཤུགས་ཆེ་རུ་བཏང་། ད་སྔའི་བར་མ་དངུལ་བསགས་ཏེ་ས་བོན་ཏུན230དང་ཞིང་ལུད་ཏུན240དང་། ཞིང་སྨན་ཏུན0.5དང་། འགྱིག་ཤོག་ཏུན1.5བཅས་ཉོ་སྒྲུབ་བྱས་པ་རེད།

སྤུས་ཚད་ལ་ལྟ་སྐུལ་དང་དོ་དམ་བརྟན་པོ་བྱས། ཚོང་ཟོག་ནང་འདྲེན་གྱི་དཔྱད་བཤེར་ལམ་ལུགས་དོན་འཁྱོལ་དང་དུས་ཚོད24རིང་གི་ཐེར་འདོན་ཁ་པར་སྐུད་ལམ་ན་ཡོད་པ་བྱས་ནས་ཞིང་ལས་རྒྱུ་ཆའི་སྤུས་ཚད་དོ་དམ་ཚོད་འཛིན་དང་རིན་གོང་ལྟ་ཞིབ་ཚད་ལེན་ལ་ཤུགས་བརྒྱབ་སྟེ། ད་སྔའི་བར་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་ཡི་གེ12བཞག་པ་དང་ཞིང་སྤྱོད་དངོས་རྫས་ཚོང་གཉེར་ཚོང་ཁང(སྨན་ཁང)10ལ་ཞིབ་བཤེར་དང་གནད་དོན1ལ་ལྟ་སྐུལ་བཅོས་སྒྲིག་བྱས་པ་རེད།

ལག་རྩལ་ཞབས་འདེགས་ལེགས་སུ་བཏང་། ཞིང་ལས་ལག་རྩལ་ཞབས་ཞུ་རུ་ཁག་གསེར་བ་སོགས་ཞིང་ཁུལ་གྱི་ཡུལ་ཤོག(གྲོང་རྡལ)4ལ་བསྐྱོད་དེ་ཞིང་ལས་ལག་རྩལ་གསོ་སྦྱོང་བྱས་ནས་ཞིང་དུད་ལ་ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་པ་དང་ལུགས་མཐུན་ངང་ཞིང་སྨན་སྤྱོད་པར་ཁྲིད་སྟོན་བྱས། ད་སྔའི་བར་ཞིང་ལས་ལག་རྩལ་གསོ་སྦྱོང་ཐེངས་གསུམ་སྤེལ་ཞིང་མི་ཐེངས150འཛོམས་ཡོད་ལ། ཞིང་ལས་ལག་རྩལ་གྱི་དཔྱད་གཞིའི་ཡིག་ཆ500ལྷག་སྤྲད་ཡོད།།



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་དཔྱིད་རྨོད་ཞིང་ལས་རྒྱུ་ཆར་ཆེད་དོན་ བཅོས་སྒྲིག་ནན་པོ་བྱས།
  • ལེ་ཚན་རྗེས་མ།:ཚན་རྩལ་ལ་བརྟེན་ནས་ཕྱུག་ལམ་དུ་བསྐྱོད་ཐབས་བརྩོན།
  • དོ་སྣང་ཆེ་བའི་རྩོམ།