མི་ཚེའི་སྙིང་པོ་ལ་བྱ་སྤྱོད་ཀྱིས་དཔེ་སྟོན་བྱས།། མཁའ་གྲོང་ལི་ཐང་དུ་བརྩེ་དུང་གི་བསྟོད་གླུ་ཕུལ།།

བདེ་སྐྱིད་ཀྱིས་བསྒྱུར།        2022-04-01

ཏིང་དབྱི་ཀྲུའུ་དང་ལའེ་མིན་གྱི་ལས་དབང་གི་བརྩེ་དུང་གཏམ་རྒྱུད་ལ་ཐེང་ཞུན་ལེ་ཚན་གྱི་དོ་ཁུར་ཐོབ།

མི་ཚེའི་སྙིང་པོ་ལ་བྱ་སྤྱོད་ཀྱིས་དཔེ་སྟོན་བྱས།། མཁའ་གྲོང་ལི་ཐང་དུ་བརྩེ་དུང་གི་བསྟོད་གླུ་ཕུལ།།
ལའེ་མིན་དང་ལིའུ་མིན་ཐའོ།

མི་ཚེའི་སྙིང་པོ་ལ་བྱ་སྤྱོད་ཀྱིས་དཔེ་སྟོན་བྱས།། མཁའ་གྲོང་ལི་ཐང་དུ་བརྩེ་དུང་གི་བསྟོད་གླུ་ཕུལ།།
ཏེང་དབྱི་ཀྲུའུ་བཟའ་ཚང་དང་ལིའུ་མིན་ཐའོ་ཡི་མཉམ་པར།

ལོ་དྲུག་སྔོན་ལ་ཏིང་དབྱི་ཀྲུའུ་ཞེས་པའི་ལོ་ཆུང་ཞིག་གིས་སྒོར་མོ་ཉིས་བརྒྱ་དང་ཁྱི་ཞིག་ཁྲིད་ནས་བཅོས་ཐབས་མེད་པའི་ཀླད་ཆུང་འཁུམས་པའི་ནད་ཟེར་བའམ་ནམ་རྒྱུན་ངང་པ་རེ་འཆང་གི་ནད་ཅེས་འབོད་པ་དེ་ཕོག་པའི་དགའ་རོགས་དང་ལྷན་དུ་ཡུལ་སྐོར་ཕྱིན་ནས་ཀྲུང་གོའི་ས་ཁྲའི་ཐོག་ཏུ་བརྩེ་སེམས་ཀྱི་འོད་མདངས་འཕྲོས་པའི་རི་མོའི་རྗེས་ཤིག་བཞག་ཡོད། ད་ལྟ་ལོ་ཆུང་དེ་དང་ལའེ་མིན་ཁྱོ་ཤུག་ཏུ་གྱུར་ནས་ལི་ཐང་དུ་གཞིས་ཆགས་ཡོད་ལ་འགྲུལ་ཁང་ཞིག་ཀྱང་གཉེར་བཞིན་ཡོད་པ་རེད།

ཉེ་ཆར། ཐེང་ཞུན་གྱི《མི་ཡུལ་དུ་འཕྲད་འཛོམས་ཡ་མཚན་ཅན》ཏེ་ཁྱེད་ལ་རྟ་ཞིག་སྦྱིན་ཞེས་པའི་ལེ་ཚན་ནང་དུ། ཨོའུ་དབྱང་ན་ན་དང་ལིའུ་མིན་ཐའོ་གཉིས་ཏིང་དབྱི་ཀྲུའུ་དང་ལའེ་མིན་བཟའ་ཚང་གི་འགྲུལ་ཁང་དུ་ཕྱིན་ནས་འོས་ལས་པ་བྱས་ཏེ། ཁོང་ཚོ་དང་མཉམ་དུ་ཚེ་སྲོག་དང་འབྲེལ་བའི་བསམ་གཞིག་མཐར་ཐུག་པ་ཀུན་གྱི་ལོངས་སྤྱོད་བྱ་ཡུལ་དུ་ཕུལ། ཏིང་དབྱི་ཀྲུའུ་དང་ལའེ་མིན་གྱི་ལས་དབང་གི་བརྩེ་དུང་ལྷད་མེད་ཀྱི་གཏམ་རྒྱུད་དེས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འགྲུལ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་དང་། བཟའ་ཚོ་གཉིས་ཀྱི་མི་ཚེའི་བརྒྱུད་རིམ་ཕུན་སུམ་ཚོགས་པོ་དང་མི་ཚེའི་ལྟ་སྟངས་དཀྱེལ་ཡངས་པོ་དེ་དག་མཁའ་གྲོང་ལི་ཐང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་གཞི་གཅིག་ཏུ་འདྲེས་ནས་བརྩེ་དུང་ལྷད་མེད་ཀྱི་བསྟོད་གླུ་སྙན་མོ་ཡིད་དབང་འཕྲོག་པ་ཞིག་དཀྲོལ་ཏེ་དེར་ཡོང་མཁན་འགྲུལ་བ་ཚོས་རང་གི་སེམས་ཁོང་ནས་སྦས་པའི་རྨི་ལམ་བཟང་པོ་འཚོལ་ཐུབ་པ་རོགས་རམ་བྱེད་པ་དང་ཆབས་ཅིག་དེའི་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཁོ་ཚོར་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དཀའ་གནད་སྒྲོལ་བའི་ཐབས་མཆོག་འདོན་གྱི་ཡོད།

བརྩེ་དུང་གི་ཐད་ནས་གླེང་ན། ཡིད་སེམས་འོ་ཆུ་གཅིག་ཏུ་འདྲེས་ཤིང་སྐྱིད་སྡུག་མཉམ་དུ་མྱོང་བཞིན་ཡོད།

ལའེ་མིན་གྱི་མི་ཚེ་ལ་ལས་དབང་གི་དཀའ་ཚེགས་ཀྱིས་ཁེངས་ཡོད་མོད། འོན་ཀྱང་ཏིང་དབྱི་ཀྲུའུ་དང་མཉམ་དུ་འགྲོགས་པ་ལས་མོའི་ཚེ་སྲོག་ལ་རེ་བའི་ཚོན་མདངས་ཤར། དོན་དངོས་ཐོག་ཏིང་དབྱི་ཀྲུའུ་ཡིས་ལའེ་མིན་གྱི་རང་གཤིས་དང་མི་ཚེ་ལ་འགྱུར་ལྡོག་བཏང་ཡོད་པ་ལྷན་དུ་ལའེ་མིན་གྱིས་ཀྱང་ཏིང་དབྱི་ཀྲུའུ་ཡི་གཤིས་རྒྱུད་དང་མི་ཚེ་ལ་འགྱུར་ལྡོག་བཏང་ཡོད་པ་རེད། ལའེ་མིན་ངོ་མ་ཤེས་པའི་སྔོན་ལ་ཏིང་དབྱི་ཀྲུའུ་ཡི་འཚོ་བ་ལ་ཁ་ཕྱོགས་མེད་ཅིང་དུས་ཚོད་ཕལ་ཆེར་ཆབ་བེ་ཆོལ་བེའི་ངང་ཟད་ཀྱི་ཡོད། ཕྱོགས་གཞན་ནས་ཏིང་དབྱི་ཀྲུའུ་ནི་རྟ་རྒོད་ཞིག་ཡིན་ན་ལའེ་མིན་གིས་དེ་འདུལ་བ་རེད་ཟེར་ན་མི་ཆོག་རྒྱུ་མེད། ཏིང་དབྱི་ཀྲུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ང་ཚོས་བརྩེ་དུང་ལ་འཛིན་པའི་ལྟ་ཚུལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བྱུང་མེད། བརྩེ་དུང་ཞེས་པ་ནི་སེམས་ཀྱི་དུང་བ་བརྗེ་རེས་ཁོ་ན་ཡིན་ཞིང་། དངོས་པོ་དང་འབྲེལ་བ་མེད་ཅིང་དྲི་མ་དང་བྲལ་བ་ཞིག་ཡིན་ལ། ལྷད་མང་པོ་འདྲེས་མི་རུང་བ་ཞིག་ཀྱང་ཡིན་ཞེས་བཤད་པ་རེད།

ཁྱོད་ཀྱིས་མི་ཞིག་དང་མཉམ་དུ་འཚོ་བ་བྱས་ན་ཁྱོད་ནི་མི་དེའི་བསམ་པའི་འཇིག་རྟེན་དང་མཉམ་དུ་འཚོ་བ་ལས་དངོས་པོའི་འཚོ་བ་དང་ལྷན་དུ་མ་ཡིན། ཞེས་ཏིང་དབྱི་ཀྲུའུ་ཡིས་བབ་ཆགས་པའི་སྐད་ཆའི་ཁྲོད་ནས་བལྟས་ན་བཟའ་ཟླ་གཉིས་ཀྱིས་བརྩེ་དུང་ལ་འཛིན་པའི་འདུ་ཤེས་ནི་ཧ་ཅང་གསལ་ཡངས་ཆེ་བ་ཞིག་ཡིན་པར་མཐོང་ཐུབ། ལོ་འདི་ཚོའི་རིང་གི་སྐྱིད་སྡུག་མཉམ་མྱོང་བརྒྱུད་ནས་ཁོང་གཉིས་ཀྱི་བརྩེ་དུང་སྔར་ལས་ཇེ་བརྟན་དུ་སོང་ཡོད། དབྱི་ཀྲུའུ་ཡིས་ད་ལྟ་ངེད་གཉིས་ཡིད་སེམས་འོ་ཆུ་ལྟར་གཅིག་ཏུ་འདྲེས་ཟིན་པས་སུས་ཀྱང་ངེད་གཉིས་ཁ་ཕྲལ་ཐབས་མེད་ཅེས་བཤད་པ་རེད།

ཏིང་དབྱི་ཀྲུའུ་དང་ལའེ་མིན་གྱི་འགྱུར་མེད་བརྩེ་དུང་གི་སྐོར་གྱི་གཏམ་རྒྱུད་དེས་སྐྱེ་བོ་ཀུན་ལ་ཤུགས་རྐྱེན་ཐེབས་སུ་འཇུག་ཡོད། བརྩེ་དུང་གི་སྟོབས་ཤུགས་ཆེན་པོས་འཇིག་རྟེན་གྱི་སྡུག་བསྔལ་ལ་གདོང་གཏད་ཐུབ་ཅིང་འཚོ་བ་སྐྱིད་པོའི་སྐྱ་རེངས་ཡོངས་སུ་བསུ་ཐུབ་པ་རེད། ལེ་ཚན་ནང་འཁྲབ་སྟོན་པ་ལིའུ་མིན་ཐའོ་ཡིས་ལའེ་མིན་ལ་དེ་སྔོན་རང་ཉིད་གཉེན་སྒྲིག་གི་འཆིང་སྒྲོག་ཏུ་ཚུད་ནས་ཐར་དཀའ་བའི་སྐོར་གྱི་སྙིང་གཏམ་བཤད་པ་དང་། ལའེ་མིན་གྱིས་མོ་རང་གི་མྱོང་བ་དང་སྦྲེལ་ནས་གླེང་མོལ་ཞིབ་ཕྲ་བྱས་རྗེས་ལིའུ་མིན་ཐའོ་ཡིས་བརྩེ་དུང་ལ་ད་དུང་ཡིད་ཆེས་ཡོད་པའི་རྣམ་འགྱུར་བསྟན་པ་རེད།

ད་སྔ་ལ་མཚོན་ན། བརྩེ་སེམས་ལུ་གུ་རྒྱུད་འདྲ་འགྲུལ་བ་ཡོངས་ལ་སྤེལ་ཞིང་བཞུགས།

རྒྱལ་ཡོངས་ཀྱི་ས་ཆ་མང་པོར་བསྐྱོད་མྱོང་པའི་ཏེང་དབྱི་ཀྲུའུ་དང་ལའེ་མིན་གཉིས་ཀྱིས་མཐའ་མར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དུ་གཞིས་ཆགས་པའི་སེམས་ཐག་བཅད། ཏིང་དབྱི་ཀྲུའུ་ཡིས་གསར་འགོད་པར་ངེད་གཉིས་ཀྱིས་དཀར་མཛེས་ཁུལ་ཏེ་དྭངས་གཙང་ལྷད་མེད་ཀྱི་ས་ཆ་འདིར་ཧ་ཅང་དགའ་པོ་ཡོད། གཅིག་ནས་དེར་མཚོ་བོད་མཐོ་སྒང་ཧྲིལ་པོའི་ས་དབྱིབས་སྣ་ཚོགས་གྲུབ་ཡོད་ལ། རྩྭ་ཐང་དང་གྲོག་རོང་ངམ་གངས་རི་དང་ནགས་ཚལ་གང་ཡིན་རུང་དེ་རུ་རང་བཞིན་ལྷུན་གྲུབ་ཏུ་གནས་ཡོད་པས་ཡིན། གཉིས་ནས་འབྲེལ་འདྲིས་དང་རྒྱུས་ལོན་ཡུན་རིང་པོ་བྱས་པར་བརྒྱུད། ངེད་གཉིས་ཀྱིས་ལི་ཐང་རྫོང་གི་བབ་ཆགས་དང་སྤྲོ་སྣང་ལྡན་པའི་ཡུལ་མིར་དགའ་པོ་ཡོད་པས་ཡིན། འགྲུལ་ཁང་བཙུགས་རྗེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་འདིར་ཡོང་ནས་ས་གནས་ཁག་གི་གཏམ་ཡ་མཚན་དང་སྤྲོ་སྣང་ལྡན་པ་དག་ངེད་བཟའ་ཟླ་གཉིས་སྦ་གསང་མེད་པར་བཤད་ཀྱིན་ཡོད་པར་བརྟེན། ངེད་གཉིས་ལ་ཁྱིམ་དུ་བསྡད་ཀྱང་ཡུལ་སྐོར་འགྲོ་བཞིན་པ་དང་འདྲ་བའི་ཚོར་བ་བཟང་པོ་བྱུང་། ངས་འགྲུལ་ཁང་གི་རྩག་རྩིག་བྱ་བ་ལ་བྲེལ་བའི་སྐབས་དང་བསྟུན་ནས་ ལའེ་མེན་ལ་དཔེ་ཆ་ཀློག་པའི་དུས་ཚོད་མང་པོ་ཡོད། དེ་ནས་ངེད་གཉིས་ཀྱི་བུ་མོ་ཡང་ཉིན་རེ་བཞིན་འཚར་ལོངས་འབྱུང་བཞིན་ཡོད། ལོ་ཟླ་ལྷིང་འཇགས་པའི་ཁྲོད་ནས་འཇིག་རྟེན་མི་ཡུལ་དུ་འཚོ་བའི་རིན་ཐང་ཡང་རྙེད་སོང་ཞེས་བཤད་པ་རེད།

ཏིང་དབྱི་ཀྲུའུ་དང་ལའེ་མིན་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དང་མི་ཚེའི་རྣམ་འགྱུར་ལ་བརྟེན་ནས་འགྲུལ་བ་ཚོར་ཡིད་འགུལ་ཐེབས་པར་མ་ཟད། དེ་བས་དྲོ་སྐྱིད་ལྡན་པའི་སྟོབས་ཤུགས་སྤྲད་པ་རེད། ཐེངས་འདིའི་ལེ་ཚན་ནང་ཨོའུ་དབྱང་ན་ན་དང་ལིའུ་མིན་ཐའོ་སོགས་སྐུ་མགྲོན་ཚང་མས་ཏིང་དབྱི་ཀྲུའུ་དང་ལའེ་མིན་གྱིས་སྤྲོ་སྣང་གི་རྣམ་འགྱུར་ལ་སེམས་འགུལ་ཟབ་མོ་ཐེབས་ཡོད། དེ་ལས་མང་བའི་སྐྱོ་སྣང་ཆུང་ཆུང་དང་དེ་ལས་མང་བའི་དཀའ་ངལ་ཆུང་ཆུང་ཁོང་གཉིས་ཀྱི་འགྲུལ་ཁང་ནང་སླེབས་དུས་ཚང་མ་གླེང་རིན་མེད་པའི་དོན་ཆུང་རེད། ཕྱོགས་བཞི་མཚམས་བརྒྱད་ལ་སྐྱོད་པའི་འགྲུལ་བས་ཏིང་དབྱི་ཀྲུའུ་དང་ལའེ་མིན་གྱིས་འཚོ་བར་འཛིན་པའི་རྣམ་འགྱུར་མཐོང་ནས་དྲང་ནུས་ཁེངས་ཏེ། དེ་ནས་ལུས་སྟེང་གི་ཐལ་རྡུལ་རྡེབ་ཙམ་དང་ངལ་དུབ་ཀྱི་སྙིང་སྟོབས་ཆེར་སྐྱེད་བྱས་ནས་མུ་མཐུད་དེ་མདུན་དུ་བསྐྱོད་པ་རེད།

མ་འོངས་པར་ཕྱོགས་ན། ཕུགས་འདུན་གྱི་རྟ་ཕོ་ལྕག་གིས་བསྐུལ་ནས་བསྐྱོད་ལ་འབད།

བུ་མོ་པུའུ་པུའུ་བཙས་རྗེས་ཏིང་དབྱི་ཀྲུའུ་དང་ལའེ་མིན་གྱིས་མ་འོངས་པར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ཏིང་དབྱི་ཀྲུའུ་ལ་ཇི་ལྟར་བྱས་ཀྱང་བུ་མོ་པུའུ་པུའུ་དེ་ཨོའུ་དབྱང་ན་ན་དང་འདྲ་བར་ཞི་འཇམ་ཉམས་ལྡན་གྱི་བུ་མོ་ཞིག་གསོ་སྐྱོང་བྱ་དགོས་པའི་བསམ་པ་ཡོད། ལའེ་མིན་གྱིས་བུ་མོར་སླད་ཕྱིན་ཆིང་ཧྭ་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད། དོན་དངོས་སུ་ཁོང་གཉིས་ཀྱིས་པུའུ་པུའུ་ལ་རེ་བ་མང་པོ་དེ་ཙམ་མེད་ཅིང་མ་འོངས་པར་མོས་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་པ་དང་རང་ཉིད་ལ་བདག་སྐྱོང་ཡག་པོ་བྱེད་ཐུབ་པའི་ནུས་པ་ཡོད་ན་འགྲིག་གི་ཡོད་པ་བསམས་ཀྱིན་ཡོད།

པུའུ་པུའུ་འཇིག་རྟེན་འདིར་ཐོན་པའི་རྐྱེན་གྱིས་ལའེ་མིན་ལ་སྟོབས་ཤུགས་གསར་པ་ཞིག་བྱུང་ནས། མོས་རང་གི་བུ་མོ་འཚར་ལོངས་འབྱུང་བའི་ཁྲོད་དུ་རང་ལ་དུས་ཚོད་འདང་ངེས་ཤིག་ཡོད་པའི་རེ་བ་བྱེད་ཀྱི་ཡོད། ཏིང་དབྱི་ཀྲུའུ་ཡིས་ང་ཚོས་མ་འོངས་པར་བྱ་བ་གཉིས་སྒྲུབ་འདོད་ཡོད་ཅིང་། གཅིག་ནི་པུའུ་པུའུ་ལོ་གསུམ་ལ་ལོན་རྗེས་ང་ཚོས་ཁོ་ཁྲིད་ནས་ཡུལ་སྐོར་འགྲོ་འདོད་ཡོད། གང་རེད་ཟེར་ན་ཡུལ་སྐོར་ཁྲོད་དུ་བུ་མོའི་འཚོ་གནས་ཀྱི་ནུས་རྩལ་སྣ་ཚོགས་སྦྱོང་བརྡར་བྱེད་ཆོག་གི་རེད། གཉིས་ནི་ང་ཚོའི་གཏམ་རྒྱུད་དེ་གློག་བརྙན་ཞིག་ཏུ་ཕབ་ཐུབ་ན་པུའུ་པུའུ་ལ་ཨ་མའི་བྱམས་སེམས་སྐོར་གྱི་དྲན་ཤེས་དེ་བས་མང་བ་བཞག་ཐུབ་ཀྱི་རེད་ཅེས་བཤད།

མ་འོངས་པར་མཚོན་ན་མི་རེ་རེའི་སེམས་ཀྱི་ཞིང་ས་རུ་ཕུགས་འདུན་གྱི་ས་བོན་རེ་ཡོད། ལའེ་མིན་གྱིས་རྨི་ལམ་གྱི་ཞིང་ས་ཞེས་པའི་གླུ་དེ་ལ་ཤིན་ཏུ་དགའ། དེ་ནི་ཞི་འཇམ་གྱི་ཆུ་ཕྲན་དལ་ལྷུང་ལྷུང་ཞིག་དང་འདྲ་བ་མི་ཚོའི་སེམས་ཀྱི་ཟབ་ས་ན་བག་ཆགས་མཐུག་པོ་ཞིག་བཞག་ཐུབ། ལིའུ་མིན་ཐའོ་ཡིས་ཁྱེད་དང་མཉམ་དུ་གླུ་ལེན་པ་དང་ཁ་བརྡ་བྱས་ནས་དུས་འདའ་ཐུབ་ན་ཅི་མ་རུང་ཞེས་ཚོར་སྣང་ཟབ་མོའི་ངང་དེ་ལྟར་བཤད། དེ་ཡང་སྐབས་འདིའི་ལེ་ཚན་གྱི་གཙོ་དོན་ཏེ་ཁྱོད་ལ་རྟ་ཞིག་སྦྱིན་ཞེས་པ་རྗེས་སུ་མཐུན་ཞིང་ཏིང་དབྱི་ཀྲུའུ་དང་ལའེ་མིན་གྱིས་རང་ཉིད་ཀྱི་མི་ཚེ་དང་ཚེ་སྲོག་གི་རིན་ཐང་ལ་གསལ་བཀྲོལ་རྒྱས་པ་བྱས་ཏེ་མི་རྣམས་ཀྱི་སེམས་ཕུགས་སུ་ཡོད་པའི་རེ་འདུན་དེ་འཚོལ་ཐུབ་པར་རོགས་རམ་བྱེད་པ་དང་། མི་དེ་བས་མང་བར་ཕུགས་འདུན་གྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ་མདུན་ཕྱོགས་སུ་ཞུམ་པ་མེད་པར་བསྐྱོད་པའི་སྟོབས་ཤུགས་བསྩལ་ལོ།།




  • ལེ་ཚན་སྔོན་མ།:གྲོག་རོང་དུ་མཚེའུ་འཇམ་པོ་ཆགས།། འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྩལ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།