མུ་ནས་མུ་རུ་འབྲི།

དབྱངས་རྩེན།        2022-04-02

འགག་མེད་རྟོག་འགྱུ་འཛིན་མའི་ཕང་བ་རུ།།

དགའ་སྐྱོའི་སེམས་བྱུང་རྐང་འཐུང་སྣ་ཚོགས་རྒྱས།།

ཚོར་བའི་མེ་ཏོག་ཆུན་པོ་རབ་བཏུས་ནས།།

དང་བ་འདྲེན་པར་བཤམས་ན་སྙིང་དུ་སྡུག།

འཚོ་བ་དངོས་ཀྱི་ངང་ཚུལ་དྲང་བརྗོད་དང་།།

འཁྱོག་པོའི་ལམ་ནས་འུད་བརྗོད་གང་ཡང་རུང་།།

བརྗོད་འདོད་འབེལ་གཏམ་ཁོག་ཏུ་མི་སྦེད་པར།།

མཐོང་བའི་ལམ་ལ་སྨྱུ་གུས་འཁྱུག་འཁྱུག་འབྲི།།

སྙན་དངགས་མེ་ལོང་མ་ཡིས་རྨང་བཏིང་ཞིང་།།

སྙན་རྩོམ་གྲགས་ཅན་རྡོ་བོས་རྩིག་བརྒྱབས་ཏེ།།།

སྙན་ངག་ཐེམ་སྐས་རིམ་པར་བགྲོད་པ་ཡིས།།

སྙན་ངག་ལྷ་མོའི་དངོས་གྲུབ་མྱུར་འཐོབ་ཤོག།

འདྲེན་བྱེད་མིག་གིས་མཐོང་བའི་ལྟད་མོ་དང་།།

ཐོས་འཛིན་རྣ་ཡིས་གོ་བའི་ངག་གི་རྒྱུན།།

བདེ་སྡུག་བཏང་སྙོམས་ཚོར་བ་ཕྲ་རགས་ཀུན།།

གཟུགས་སུ་སྐྲུན་ཆེད་སོར་མོའི་འདུ་བྱེད་བརྟེན།།

ཉིན་ཞག་ཕྲུག་གཅིག་བྱ་བ་གང་བགྱིས་དང་།།

སྐྱེ་བོ་སུ་འཕྲད་འཚོ་བ་ཇི་ལྟར་རོལ།།

སྒྲོ་འདོགས་མེད་པར་ཡུན་དུ་འབྲི་བ་ནི།།

རྩོམ་རྩལ་མཐོར་གཤེགས་ཐབས་སུ་མཁས་པས་བསྔགས།།

ཇི་ལྟར་ཤེས་བྱའི་རྣམ་གྲངས་མཐའ་མེད་པས།།

དེ་ལྟར་བརྗོད་བྱའི་རྣམ་གཞག་གྲངས་ལས་འདས།།

གང་ལྟར་རྩོམ་ལུས་སྣ་མང་དེང་བདོ་ཡང་།།

ཚིགས་བཅད་ཁོ་ན་འབྲི་བར་ཁོ་བོ་སྤྲོ།།

ཕྱི་ནང་སྣོད་བཅུད་དུས་བཞིའི་འགྱུར་ལྡོག་དང་།།

ངོ་མཚར་གཏམ་རྒྱུད་སེམས་ཀྱི་མྱོང་བ་དག།

ལག་ཏུ་ཐོགས་པའི་སྨུ་གུས་མ་ཕབ་ན།།

དབང་པོའི་གཞུ་བཞིན་ཡལ་ནས་སྟོང་བར་འགྱུར།།



  • ལེ་ཚན་སྔོན་མ།:ཕྱེ་མ་ལེབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།