མཁའ་མཐའ་རུ་ཆགས་པའི་འབྲོག་སྡེ།

ཉི་མ་རྡོ་རྗེ།        2022-04-01

འདི་ན་མངོན་པ་ནི་སྔོ་ལྡེམ་མེར་འཇམ་ཐིང་ངེར་གནས་ཡོད་པའི་དབལ་ཤུལ་གསེར་ཐར་རྩྭ་ཐང་རེད།མཁའ་དབྱིངས་སུ་སྤྲིན་དཀར་ཚོམ་བུར་རྒྱུ་ཞིང་།དྲི་བཞོན་ལ་ལྷད་ཀྱིས་འདྲེས་པ་མེད།འོན་ཀྱང་དེའི་གྲས་སུ་འགྲོགས་འོང་བ་ནི་མེ་ཏོག་འདྲ་མིན་གྱི་དྲི་ཞིམ་ཡིན་པས།མི་སེམས་བཟི་མྱོས་ལ་ཐེབས་པའི་འགུགས་ཤུགས་ལྡན།གསེར་ཐར་རྩྭ་ཐང་འདི་ལ་ཁྱོན་ཆེ་ཁོད་ཡངས་ཀྱི་ཁྱད་ཆོས་ལྡན།དགུང་སྔོན་པོའི་དབུས་ཀྱི་སྤྲིན་དཀར་དང་རྒྱང་རིང་གི་གངས་རི།རྩྭ་ཐང་བཅས་ཀྱི་རྣམ་པ་ལྷན་དུ་འདྲེས་ཡོད།ཉི་འོད་ཁྲ་ལྷམ་མེར་ཤར་བའི་དབུས་སུ་སྦྲ་གུར་མངོན་པའི་ཚེ་པིར་གྱི་རྩེ་ནས་ཐོན་པའི་ཡུལ་སྣང་གི་རི་མོ་ཞིག་དང་འདྲ།འདི་ནས་མཐོང་བ་ནི་རྩྭ་ཐང་གི་ཡུལ་ལྗོངས་དང་འབྲོག་པའི་འཚོ་བའི་ཡུལ་སྲོལ་གོམས་གཤིས་རེད།དེའི་གྲས་སུ་མི་རིགས་ཀྱི་ཆོས་ལུགས་རིག་གནས་འདྲེས་ཏེ་རྩྭ་ཐང་འདིར་གཞན་ན་མེད་པའི་མཛེས་ཉམས་དེ་མངོན་ཡོད།

དབལ་ཤུལ་ལྷ་སྲས་བསོད་ནམས་ནོར་བུས་༡༩༡༣ལོར་བཞེངས་བསྐྲུན་མཛད་པའི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ཅན་གྱི་བདུད་འདུལ་མཆོད་རྟེན་འདི་གསེར་ཐར་རྩྭ་ཐང་གི་སྟེང་དུ་དྲང་ངེར་ལངས་ཡོད།བོད་མི་རིགས་ཀྱི་བཟོ་རྩལ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་མཆོད་རྟེན་འདི་ནི་དབལ་ཤུལ་གསེར་ཐར་གྱི་མཚོན་རྟགས་ཤིག་ཡིན་ལ།གསེར་ཐར་འབྲོག་པའི་སེམས་དཀྱིལ་ནས་ནུབ་པ་མེད་པའི་ཉི་འོད་ལྟ་བུ་ཞིག་ཡིན།དེ་འདྲ་ཡིན་པས།རྩྭ་ཐང་འདི་ལ་ཕྱུགས་རིགས་དཀར་ནག་ཁྲ་གསུམ་ལ་འཕེལ་ཁ་བྱུང་བ་དང་།མི་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ།ཞིང་ལ་འབྲུ་དྲུག་ལོ་ལེགས་འབྱུང་བཞིན་ཡོད།མཆོད་རྟེན་འདི་ལ་ཕྱི་ནས་བལྟས་ན་གས་ཆག་ཆུང་ཆུང་དང་རྩྭ་ལྡུམ་ཐར་ཐོར་གྱིས་ཁེངས་ཡོད་ན་ཡང་།གསེར་ཐར་ཡུལ་གྱི་གནའ་བོའི་རིག་གནས་དང་།གནའ་བོའི་དད་མོས།གནའ་བོའི་དཔལ་ཡོན།གནའ་བོའི་བཟོ་རྩལ་སོགས་མཇལ་ཐུབ།

གསེར་སྟོད་ཀྱི་མགོན་པོ་འབྲོང་རི་སྨུག་པོ།དབལ་ཤུལ་མིས་མཆོད་བསྟོད་བྱེད་ཡུལ།རྫོང་གི་བྱང་ཕྱོགས་སུ་ལེ་དབར་ཉེར་ལྔ་ཙམ་གྱི་ས་མཚམས་སུ་ཡོད།འཕགས་པ་རིགས་གསུམ་མགོན་པོའི་གནས་རི་འདི་འབྲོང་སྙིང་སྡེར་ནང་བཞག་པ་དང་འདྲ་བར་རང་བྱུང་གི་མཛེས་པས་བརྒྱན་པ་ཞིག་ཡིན།རི་རྩེ་ནི་སྨུག་སྤྲིན་གྱིས་གཡོགས་པའི་རྫ་རི་ཡིན་ཞིང་དེར་གནའ་བ་སོགས་རི་དྭགས་འདྲ་མིན་ཁྱུ་དང་ཁྱུ་བྱས་ཏེ་གནས་པ་དང་།རི་སྐེད་ནི་པེའུ་མོང་སོགས་སྨན་རྩྭ་འདྲ་མིན་གྱིས་གང་བ།རི་འདབས་ལ་སྤང་ལྗོངས་མེ་ཏོག་དཀར་སེར་དམར་ལྗང་གིས་ཁེངས་ཡོད།དེའི་ཉེ་འཁོར་དུ་གླིང་གི་རྗེས་ཤུལ་ཡིན་པར་གྲགས་པའི་བྲག་རྡོ་གཟུགས་བརྙན་ཅན་འདྲ་མིན་སྣ་ཚོགས་མཇལ་རྒྱུ་ཡོད།བརྗིད་ཆགས་གེར་གནས་པའི་འབྲོང་རི་དགོན་པ་ནས་ཆོས་ཀྱི་དྲིལ་བུ་རླུང་གིས་དལ་བུར་བསྐྱོན་པས་སིང་སྒྲ་སྙན་པོ་གྲགས་པ་དང་།སྡེ་འདབས་ཀྱི་འབྲོག་པའི་ཚོ་བ་སོ་སོས་བསྟོད་པའི་ལབ་ཙེ་རྣམས་ཀྱི་དབུ་རྩེ་རུ་དར་སྣ་དཀར་དམར་མང་པོས་བརྒྱན་ནས་རླུང་གིས་གཡུག།དེའི་ཉེ་འགྲམ་དུ་སྤང་ལྗོངས་ཡངས་པོ་རུ་རྩྭ་དང་མེ་ཏོག་འདྲེས་མའི་གསེབ་ནས་འབྲོང་ཆུ་སྔོན་མོ་དལ་ཁོམ་མེད་པར་ལྷུང་ལྷུང་གིས་རྒྱང་རིང་དུ་བཞུར།འབྲོང་ཆུ་དང་གསེར་ཆུ་ལྷན་དུ་འདྲེས་པའི་གཡས་གཡོན་གཉིས་སུ་གསེར་ཐར་འབྲོག་སྡེ་ཆགས་ཡོད་པ་དང་ཕྱུགས་རིགས་དཀར་ནག་དལ་ལྷོད་བག་ཕེབས་ཀྱིས་གཟན་ལ་རོལ་བཞིན་ཡོད།དེ་ལྟར་ཁྱད་དུ་འཕགས་པའི་གནས་རི་ཞིག་གི་རང་མདངས་དེ་མངོན་ཡོད།

འཛིན་མའི་ཁྱོན་ལ་ལྡིར་བའི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་འདི་གནུབས་ཟུར་ཡུལ་ཚོ་རུ་ཆགས་ཡོད།རབ་བྱུང་བཅུ་བཞི་པའི་མཇུག་ཏུ་ལྕགས་སྐོང་བདུད་འཇོམས་གླིང་པས་ཕྱག་བཏབ།༡༩༨༢ལོར་ཆོས་སྒོ་ཕྱེ་བའི་དུས་མཁན་སློབ་སུམ་ཅུ་སོ་གཉིས་ཙམ་གྱིས་གྲུབ་པའི་སློབ་གླིང་དེར་དེང་སང་གྲྭ་བཙུན་གང་མང་ཞིག་གིས་རང་རང་གི་ཐུགས་འདུན་དང་བསྟུན་པའི་སློབ་སྦྱོང་བྱེད་བཞིན་ཡོད་ལ།འཛམ་གླིང་ཡོངས་ལ་སྙན་གྲགས་ཡོད་པའི་མཁན་པོ་ཚོས་ནང་བསྟན་ལ་ཞིབ་འཇུག་དང་སློབ་ཁྲིད་བྱེད་བཞིན་ཡོད།དེ་དང་བསྟུན་ནས་བླ་རུང་གི་ལུང་ཁུག་ཆུང་ཆུང་དེའི་སྙན་པའི་གྲགས་པ་དེ་དྲྭ་རྒྱ་བརྒྱུད་ནས་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ།

དུང་དཀར་དགོན་པ་ནི་རྫོང་གྲོང་དང་རྒྱང་ཐག་སྤྱི་ལེ་ལྔ་ཙམ་གྱིས་ཆོད་པའི་རི་སྐེད་ཅིག་ཏུ་གནས།ཆགས་སའི་ཁོར་ཡུག་དེ་ནས་དབལ་ཤུལ་གསེར་ཐར་རྩྭ་ཐང་གི་མཛེས་སྡུག་ལ་རྒྱང་ལྟ་བྱེད་ཆོག།སྤྱི་ལོ༡༦༨༦ལོ་ཙམ་ལ་ཆགས་པར་གྲགས་པའི་རྙིང་མའི་དགོན་པ་ཞིག་ཡིན།འདུ་ཁང་ནང་གི་བརྐོས་དཀྲོལ་རི་མོ་ཧ་ཅང་མཛེས།དགོན་པ་གཞན་དང་འདྲ་བར་ཆོས་འཚོག་ཡོད་ལ་འཆམ་རྒྱག་རྒྱུ་ཡོད།དབྱར་གནས་ཡོད་ལ་བཤད་གྲྭ་དང་སྒྲུབ་གྲྭའང་ཡོད།དེང་སང་སྨན་བླའི་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་མཛད་ནས་དད་ལྡན་པའི་གནས་སྐོར་བྱེད་ས་དང་ཡུལ་སྐོར་བས་སྤྲོ་འཆམ་བྱེད་ས་ཞིག་ཏུ་གྱུར་ཟིན།

༡༩༣༦ལོའི་དཔྱིད་ཀར་དབོན་པོ་པདྨ་རྡོ་རྗེ་དང་ཨ་བོ་ཀ་ལི་སོགས་ཀྱིས་ཀྲུའུ་ཏེའི་དམག་དཔུང་ལ་འབྲུ་རིགས་དང་།གོན་པ།རྟ་ཟོག་སོགས་ཀྱིས་སྣེ་ལེན་དང་རོགས་སྐྱོར་གཟབ་རྒྱས་བྱས།རྣམ་པར་དེར་རྒྱལ་ཁབ་ཀྱིས་དྲིན་མཚོན་དར་ཡིག་གནང་བ་དང་།༡༩༥༤ལོར་གཡར་བའི་དངོས་པོ་ལ་སྐྱིན་ཚབ་ཏཱ་ཡང་དངུལ་སྟོང་ཚོ་ལྔ་སྤྲད།

ལས་དང་སྐལ་བ་ལྡན་པའི་དབལ་ཤུལ་མིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཞལ་མཇལ་བའི་སྐལ་བ་ལྡན།༡༩༨༦ལོའི་ཟླ༨པའི་ཚེས༡༤ཉིན་སྔ་དྲོ་དུས་ཚོད་བཅུ་དང་སྐར་མ་ཉི་ཤུའི་ཐོག་གསེར་བའི་སྡེ་མཚམས་སུ་ཕེབས།ཞིང་འབྲོག་མང་ཚོགས་ཀྱིས་མགྱོགས་པའི་བང་རྩལ་འགྲན་ནས་ཆིབས་བསུ་དང་།སེར་ཕྲེང་གིས་རྔ་རོལ་དཀྲོལ་འབུད་བྱས་ཏེ་བསུ་མ་བྱས།སྐུ་ཉིད་མང་ཚོགས་ཀྱི་ཁྲོད་དུ་འཚམས་འདྲི་བྱེད་པར་ཕེབས་པ་དང་།བདུད་འདུལ་མཆོད་རྟེན་གྱི་དྲུང་དུ་བཞུགས་ནས་ཆོས་སྲིད་ཀྱི་བཀའ་སློབ་རྒྱ་ཆེན་པོ་གནང་།མཇལ་ཁ་དང་ཕྱག་དབང་གནང་ནས་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་བྱས།

དཔའ་བོ་གེ་སར་རྟོགས་བརྗོད་ཀྱིས་རྩྭ་ཐང་གི་མི་ལ་བློ་སྟོབས་བསྐྱེད།དེ་སྔོན་རིག་གནས་ཀྱི་ཆ་རྐྱེན་ཞན་སྐབས།རྩྭ་ཐང་འདུ་འཛོམས་ཐོག་དབལ་ཤུལ་བས་གེ་སར་འཆམ་གྱིན་ཡོད།རྩྭ་ཐང་དང་སྦྲ་གུར་སོགས་བོད་ཁུལ་གྱི་ཁྱད་ཆོས་མངོན་པའི་རང་བྱུང་ཁམས་ཀྱིས་རྒྱབ་ཡོལ་བྱས་ཤིང་མང་ཚོགས་ལ་ཁ་གཏད་ནས་འཁྲབ་སྟོན་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་དད་པའི་ཡོ་ལང་འཁྲུག་པ་དང་བསམ་པའི་སྙིང་སྟོབས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད།ཁོ་ཚོས་གེ་སར་དབྱངས་རྟའི་སྙན་དབྱངས་ཁྲོད་ནས་རྟ་ཕོར་བང་རྩལ་འགྲན།ཡ་གིའི་སྦྲ་གསེབ་ནས་ཁྱབ་འོང་བ་ནི་ཐ་ལ་ལ་མོའི་འགུགས་ལུགས་དང་།དེ་དང་འགྲོགས་འོང་བ་ནི་གཟུགས་མེད་ཀྱི་དད་པའི་ང་རོ་ཞིག་དང་ཕྱོགས་བཞིའི་དགྲ་བཞི་འདུལ་བའི་དཔའ་བོའི་སྣང་བརྙན་གྱིས་གྲུབ་པའི་གེ་སར་དམག་གི་རྒྱལ་པོའི་རྣམ་ཐར་ཏེ།ཡུལ་མིས་བསྟོད་བརྗོད་བྱེད་ཡུལ་ཞིག་དང་རེ་སྨོན་བྱེད་སའི་དཔའ་བོའི་སྒྲུང་གིས་ཡུལ་འདིའི་མི་སེམས་ལ་གསོན་ཤུགས་བསྩལ་ཅིང་ཤུགས་རྐྱེན་བཞག

དངོས་གནས།དཔའ་བོའི་རྣམ་ཐར་འདི་ནི་འབྲོག་པ་མི་སེར་གྱི་སེམས་ཁོང་ནས་ནམ་ཡང་ཡལ་བ་མེད་ཅིང་།རེ་ལྟོས་ཀྱི་དད་སེམས་ལ་གཡོ་སྒུལ་ཞིག་གཏན་ནས་བྱུང་མྱོང་མེད།ས་འདི་ནི་དཔའ་བོ་གེ་སར་གྱི་ཕ་ཡུལ་ཡིན།ཡངས་པའི་རྩྭ་ཐང་འདིར།འདུ་ཤེས་མག་མོག་གི་ཁྲོད་དུ་གནས་འཆའ་བའི་སྣང་བརྙན་འདི་ནི་བོད་མིའི་སེམས་ཁོང་གི་ཕྱོགས་བཞིའི་དགྲ་རྒོད་འདུལ་བའི་དཔའ་བོ་གེ་སར་ཡིན།གསེར་གྱི་རྔ་ལའི་སྤང་ལྗོངས་སུ་གླིང་གི་དཔའ་ཐུལ་གསེར་བའི་ཉི་འབུམ་དར་ཡག་གི་མཁར་ཤུལ་ཡོད།མཁར་ཤུལ་དེ་ལས་དཔའ་བོ་ཞིག་གི་ལོ་རྒྱུས་མཐོང་ལ།དགྲ་འདུལ་གཉེན་སྐྱོང་གི་བྱས་རྗེས་ཀྱང་མཇལ།དེར་ཆེད་མཁས་པ་མང་པོས་གདེང་འཇོག་ཆེན་པོ་བྱས་ཡོད།དབལ་ཤུལ་མིའི་མཆོད་ཁྲིའི་སྦུག་ཏུ་ལོ་ཟླ་མང་པོར་གཟིམ་པའི་གླེགས་བམ་རིང་མོ་དེ་ནི་གེ་སར་རྒྱལ་པོའི་གནས་ཁང་ཞིག།དད་ལྡན་སེམས་ཀོང་གི་འགྱུ་བག་སྣ་ཚོགས་ལ་འཁྱུ་བའི་དཔའ་བོའི་སྣང་བརྙན་སྣ་ཚོགས་དེ་མཆོད་མེའི་མར་དྲི་དང་བསྡོངས་ནས་ཐ་ལ་དྲུག་འགྱུར་གྱི་དབྱངས་སུ་གྱེར།འདི་ནི་དད་ལྡན་པའི་མཆོད་གནས་དང་།ཞིབ་འཇུག་པའི་ཁྱད་ནོར་ཞིག།གནའ་བོ་བོད་མིའི་སྤྱི་ཚོགས་འཚོ་བའི་རྣམ་པ་ཁྲ་ལམ་མེར་མཇལ་བའི་མེ་ལོང་ཞིག།དེ་དབལ་ཤུལ་བས་ཤུལ་འཛིན་དང་།སྲུང་སྐྱོབ།དར་སྤེལ་བཏང་ཡོད་པ་དེ་ལག་ལེན་དངོས་ལས་མཐོང་ཐུབ་པ་སྟེ་གེ་སར་སྒྲུང་གར་སྟེགས་ཐོག་བསྐྱལ་ནས་འཁྲབ་སྟོན་བྱས་པ་དང་།སྒྲུང་པས་ངག་ནས་གྱེར་བ།མཁས་པས་ཁ་ནས་འཆད་པ།ལྷ་རིས་པས་པིར་ནས་བྲིས་པ།བཤམས་སྟོན་ཁང་རྩྭ་ཐང་ཐོག་བཞེངས་པ་སོགས་ཀྱིས་ར་སྤྲོད་བྱས་ཟིན།གསེར་ཁོག་དང་།སྦོ་མདའ།སྙན་ལུང་།སྙི་སྟོད་སོགས་ཀྱི་ས་ཆ་རུ་གེ་སར་རྡོ་བརྐོས་རི་མོ་ཡོད་པས་གེ་སར་རིག་གནས་ཁྲོད་གོ་གནས་མི་ཆུང་བ་ཞིག་བླངས་ཡོད།དེ་འདྲ་ཡིན་པས།རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཏེ།དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར༡༩༨༠ལོའི་ཟླ༢པའི་ཚེས༡༦ཉིན་གསེར་ཐར་རྫོང་དུ་རྣམ་ཐར་ཁང་བཙུགས་ནས་གེ་སར་སྒྲུང་ཡིག་གླུ་རུ་ལེན་པ་དང་།འཁྲབ་སྟོན་བྱེད་པ་བཅས་རྣམ་པ་སྣ་མང་གི་སྒོ་ནས་སྒྱུ་རྩལ་གྱི་རྣམ་པས་གར་སྟེགས་སྟེང་དུ་བསྐྱལ་ཡོད།སྐབས་དེའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གོ་སྐབས་བཟང་པོ་འདི་དང་བསྟུན་ནས་གེ་སར་སྒྲུང་དེ་རང་རྒྱལ་གྱི་ས་གནས་སོ་སོ་ཙམ་མ་ཡིན་པར་དབྱིན་ཇི་དང་།པོར་ལན་སོགས་རྒྱལ་སྤྱི་ལ་རིག་གནས་སྤེལ་རེས་དང་འཁྲབ་སྟོན་བྱེད་པར་སོང་ཡོད་པས་ཕྱི་རྒྱལ་གྱི་རྒྱ་ཆེ་བའི་ལྟད་མོ་བས་ཐལ་མོ་ཡང་ཡང་བརྡབས་ནས་དགའ་བསུ་བྱས་ཡོད།དེར་རྒྱལ་ཁབ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།རྒྱལ་ཁབ་རིག་གནས་པུའུ་ཡིས་ཀྲུང་གོ་དམངས་ཁྲོད་མི་རིགས་ཀྱི་ཕ་ས་དང་གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་སའི་མཚན་སྙན་གནང་ནས་གདེང་འཇོག་མཐོན་པོས་བསྟོད་པ་བྱས།སྤྱི་ལོ༢༠༠༦ལོའི་ཟླ༥པའི་ཚེས་༢༠ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞགདེའི་ཞོར་དུ་དྲི་མེད་ཀུན་ལྡན་སོགས་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་ལས་བཞི་ཙམ་འཁྲབ་སྟོན་བྱས་ཏེ་མི་རིགས་རིག་གནས་དར་སྤེལ་ལ་བྱས་རྗེས་གང་མང་བཞག་ཡོད།

རྫོང་མཚོ།ཧོར་ཤུལ་ཡུལ་དུ་སྔོ་ལྡེམ་མེར་འཁྱིལ་བའི་མཚོ་མོ་ཞིག།མཚོ་ཆུང་བཞི་ལས་གྲུབ་པའི་མཚོ་མོ་དེ་རླུང་གི་རྒྱུ་བ་དང་ཉི་མའི་འོད་ཀྱི་ཁྲོད་ལས་ཚོན་མདངས་སྣ་ཚོགས་མཇལ་ཐུབ།དེའི་ཉེ་འགྲམ་དུ་བྱ་བྱེའུ་སྣ་ཚོགས་དང་རི་དྭགས་འདྲ་མིན་གྱིས་སྙན་པའི་གྲེ་འགྱུར་གྱིས་གླུ་དབྱངས་ལེན་པ་དང་རྩེད་འཇོ་ལ་རོལ་གྱིན་ཡོད།སྤྲུལ་སྐུ་པདྨ་བདུད་འདུལ་སོགས་སྐྱེས་ཆེན་དམ་པས་མཚོ་གཏེར་བླངས་པའི་ལོ་རྒྱུས་ཡོད་ལ་དད་ལྡན་པས་མཇལ་སྐོར་བྱེད་སའི་གནས་མཆོག་ཞིག་ཏུ་གྱུར་ཏེ་སྙན་གྲགས་ཕྱོགས་བཞིར་ཁྱབ་ཟིན།

ཕྱི་བ་སྟེ།བོད་ཡུལ་དུ་གནས་པའི་གཟུགས་པོ་ཆུང་ལ་རྐང་ལག་ཐུང་བའི་བྱི་བའི་ཚན་ཁག་ནང་གི་རིགས་གཅིག།མཇལ་སྐོར་བྱས་ན་ལུས་པོ་བདེ་ཐང་ལ་ཕན་ཐོགས་ཡོད་པར་གྲགས་པའི་དམ་ཅན་གནས་རིའི་མདུན་ནས་འདི་ལ་ཐག་ཉེ་ནས་ཟ་མ་སྦྱིན་ཆོག་ལ།ཁོ་ལ་ཐུག་རེག་བྱེད་ཆོག་པ་དང་།ཁོ་དང་མཉམ་པོར་འདྲ་པར་བརྒྱབ་པ་སོགས་བྱེད་ཆོག།དེས་བློ་ཡིད་ཆེས་པའི་ངང་མགྲོན་པོའི་པང་དུ་འབྱར་བའམ་སྦྱིན་བདག་གི་ལག་ནས་ཟ་མ་བླངས་ཏེ་ལག་པ་ཆུང་ངུས་བཅིངས་ནས་ཡར་ལངས་བཞིན་གཡས་གཡོན་མདུན་རྒྱབ་ཀྱི་དོགས་པ་ཡོད་ཚད་ཕར་དོར་ཏེ་ཟས་ཞིམ་ལ་ལོངས་སུ་སྤྱོད་ཀྱིན་ཡོད།

དབལ་ཤུལ་གྱི་ལྷ་སྡེ་གསེར་ཐར་ཞེས་པ་ནི་སྐད་ལ་ཟུར་ཆགས་པ་ཡིན།དོན་ལ་གསེར་རྟ་ཟེར།གསེར་རྟའི་ཡུལ་ལྗོངས་ཀྱི་རྣམ་པ་འདི་ནི་སྟོད་སྨད་བར་གསུམ་ལ་དབྱེ་ནས་འབྲི་ཆོག།སྟོད་ཕྱོགས་ནི་འབྲོག་ཡུལ་ཡིན་པས་དབྱར་རྩྭ་དགུན་འབུ་སོགས་སྨན་རིགས་རྩ་ཆེན་འདྲ་མིན་དང་ཞོ་འོ་མ་མར་ཕྱུར་སོགས་དཀར་གསུམ་གྱི་བང་མཛོད་ཡོད།རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་ས་ཆ་སྟེ་སྙི་ཆུའི་འབབ་ཁུངས་སྙི་ན་བའི་ཁོར་ཡུག་འདི་ནི་ཁྱད་དུ་འཕགས་པའི་ཁོད་ཡངས་ཀྱི་རྩྭ་ཐང་ཞིག་ཡིན།སྨད་ཕྱོགས་ནི་རོང་ས་ཡིན་པས་འབྲུ་རིགས་སྣ་ལྔས་ཁེངས་པའི་ཞིང་ཁ་ཡོད།ཁྱད་པར་དུ་གསེར་བའི་ཉི་འབུམ་དར་ཡག་གི་འབངས་སྡེ་རུ་གྲགས་པའི་རྗེས་ཀར་གསེར་བའི་བོད་ཁང་ལ་བོད་ཡུལ་གཞན་ན་མེད་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན།བར་ན་གསེར་གྱི་རྒོད་རྒན་ཐང་ཞེས་རིན་ཆེན་གསེར་གྱི་གཏེར་ཁ་ཡོད་ས།པཎ་ཆེན་སྐུ་ཕྲེང་བཅུ་པ་རྩྭ་ཐང་དུ་གཟིགས་ཞིབ་ཕེབས་པར་རྗེས་དྲན་དུ་བཞེངས་པའི་པཎ་ཆེན་བསངས་ཁྲིའི་ཉེ་འགྲམ་དུ་འབྲོག་དམངས་རྣམས་ཀྱིས་བག་ཕེབས་ངང་ནས་ཕྱུགས་རིགས་འཚོ་སྐྱོང་བྱེད་བཞིན་ཡོད།སྙན་ལུང་གི་ནགས་ཚལ་ཁྲོད་དུ་ཤྭ་བ་དང་གླ་བ།བྱ་དཀར་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་འདྲ་མིན་མང་པོ་ཡོད།

མདོར་ན་གསེར་ཐར་གྱི་ཡུལ་ལྗོངས་འདིའི་དབྱར་དུས་ནི་སྤང་ལྗོངས་སྔོ་ལྡེམ་མེར་ཡིན་ལ།མིང་འཛིན་མི་ཤེས་པའི་མེ་ཏོག་འདྲ་མིན་གྱིས་སུས་མཛེས་འགྲན་པ་བཞིན་སྒེག་ཆོས་ངོམ་པས་ས་ཆ་གཞན་ན་མེད་པའི་ལྷ་ཡུལ་ལྟ་བུར་གྱུར་ཡོད།དགུན་དུས་ཆབ་རོམ་གྱི་འཇིག་རྟེན་ཞིག་ཏུ་འགྱུར་དུས་དྲོ་གྲང་གི་གནམ་གཤིས་ལྷག་ཏུ་མངོན་ཡོད།

གནམ་གྱི་མཐའ་འདི་དང་།ཡུལ་འདིའི་མིའི་སེམས་ཁམས་འདི་དང་།རང་བྱུང་གི་མཛེས་ཉམས་འདི་དག་གིས་ཁྱོད་ལ་བཤད་ན་བརྗོད་མི་ཚར་བ་དང་མྱོང་མཐའ་བྲལ་བའི་མྱོང་ཚོར་ཞིག་གི་བག་ཆགས་དེ་སེམས་ངོས་སུ་འཇོག་སྲིད།འདི་ནི་ས་འདི་ན་གནས་པའི་འགུགས་ཤུགས་ཤིག་དང་ཁྱད་ཆོས་གཙོ་བོ་ཞིག་ཡིན།



  • ལེ་ཚན་སྔོན་མ།:རྩེད་མཚར་སྐད་ཆ་ཞིག་གི་མཇུག་འབྲས་དང་འཚོ་བ་ལ་གདོང་གཏད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།