C6ཁ་ལོ་བའི་འཛིན་ཡིག་གང་ལྟར་ལེན་དགོས་སམ།

    མི་དམངས་དྲ་བ།    2022-03-31

   ཟླ་4ཚེས་1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་འཛིན་ཡིག་ལེན་པ་དང་བེད་སྤྱོད་གཏན་འབེབས》(སྤྱི་བདེ་པུའི་བཀའ་རྒྱ་ཨང་162པ)དངོས་སུ་ལག་བསྟར་བྱ་རྒྱུ་ཡིན། འདྲུད་འཁོར་ཡང་གྲས་གཏོང་ཆོག་པའི་རིགས་ཏེ་C6གསར་དུ་བསྣན་ཅིང་། མང་ཚོགས་ཀྱིས་ཁང་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་པའི་དགོས་མཁོ་བསྐངས་ཏེ་ཁང་འཁོར་ཡུལ་སྐོར་གྱི་རྣམ་པ་གསར་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
     པུའུ་ཡི་བཀའ་རྒྱ་གསར་པའི་གཏན་འབེབས་ལྟར་ན། C6ཁ་ལོ་བའི་འཛིན་ཡིག་རེ་ཞུ་བྱེད་མཁན་ཚོས་གཤམ་གསལ་གྱི་དོན་ཚན་དག་ལ་དོ་སྣང་བྱ་དགོས།
རེ་ཞུའི་བྱ་ཐབས་ཀྱི་ཐད། རླངས་འཁོར་ཆུང་གྲས(C1)དང་། རང་འགུལ་རླངས་འཁོར་ཆུང་གྲས(C2)ཡན་གྱི་ཁ་ལོ་བའི་འཛིན་ཡིག་བླངས་ཟིན་པ་མ་ཟད། སྐར་འགོད་དུས་འཁོར་དང་རེ་འདུན་མ་ཞུས་པའི་སྔོན་གྱི་སྐར་འགོད་དུས་འཁོར་གཅིག་གི་ནང་སྐར་མ་12ལོན་མེད་ཚེ། འདྲུད་འཁོར་ཡང་གྲས(C6)ཀྱི་ཁ་ལོ་བའི་འཛིན་ཡིག་ཁ་སྣོན་བྱ་རྒྱུའི་རེ་འདུན་ཞུས་ཆོག
     རེ་ཞུའི་ལོ་ཚོད་ཀྱི་ཐད། C6ཁ་ལོ་བའི་འཛིན་ཡིག་རེ་ཞུ་བྱེད་མཁན་ནི་ལོ20ཡན་ནས་ལོ60མན་ཡིན་དགོས། ལོ་60ཡན་ནས་ལོ་70མན་གྱི་མིར་འདྲུད་འཁོར་ཡང་གྲས་གཏོང་བའི་དགོས་མཁོ་ཡོད་ཚེ། དྲན་ཤེས་དང་། བརྡར་ཤ་གཅོད་ནུས་སོགས་ལ་ཚོད་ལྟ་བྱས་རྗེས་ཁ་ལོ་བའི་འཛིན་ཡིག་C6ཁ་སྣོན་གཏོང་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།
     ཁ་ལོ་བའི་རྒྱུགས་ལེན་པའི་ཐད། ཚན་པ་གཉིས་པ་དང་གསུམ་པའི་བདེ་འཇགས་ཚུལ་མཐུན་འཁོར་གཏོང་རྒྱུན་ཤེས་རྒྱུགས་ལེན་དགོས་ཏེ། ཚན་པ་གཉིས་པའི་རྒྱུགས་ཀྱི་རྣམ་གྲངས་ནང་རླངས་འཁོར་འཇོག་པ་དང་། འཁྱོག་ལམ་འཁོར་གཏོང་། དྲང་ཟུར་ཐོལ་དཀྱོག་བཅས་རྣམ་གྲངས་གསུམ་ཚུད་ཡོད། ཁ་ལོ་བའི་རླངས་འཁོར་གྱི་གནས་ཡུལ་དང་། སྒུལ་འཁོར་རྗེས་ཤུལ་སོགས་ཀྱི་ཚོར་ནུས་དང་། བརྡར་ཤ་གཅོད་ནུས། བཀོལ་སྤྱོད་ནུས་པ་བཅས་ལ་གཙོ་གནད་ཐོག་ཞིབ་དཔྱད་བྱས་ནས་འདྲུད་འཁོར་ཡང་གྲས་བདེ་འཇགས་ངང་གཏོང་བའི་ནུས་པ་ལྡན་རྒྱུའི་འགན་ལེན་བྱ་རྒྱུ་རེད།
     གསལ་འདེབས་གལ་ཆེན་བྱ་དགོས་པ་ནི། སྔོན་ཆད་A2རླངས་འཁོར་གཏོང་ཆོག་པའི་ཁ་ལོ་བའི་འཛིན་ཡིག་ཡོད་པ་དང་། ལོ་60ཟིན་པའམ་ཡང་ན་རང་མོས་ཀྱིས་རིམ་པ་མར་འབེབས་པའི་རྐྱེན་གྱིས་A2ཁ་ལོ་བའི་འཛིན་ཡིག་ཐོ་ཁོངས་ནས་བསུབ་ན་ཡང་། ད་ལྟ་འདྲུད་འཁོར་ཡང་གྲས་གཏོང་བའི་དགོས་མཁོ་བྱུང་ན། རྒྱུགས་ལེན་མི་དགོས་པར་ཐད་ཀར་རླངས་འཁོར་དོ་དམ་ཁང་དུ་ C6རླངས་འཁོར་གཏོང་ཆོག་པའི་ཐོབ་ཐང་རེ་ཞུའི་མིང་རྟགས་བཀོད་ཆོག 
     སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་ཁ་ལོ་བ་རྣམས་ལ། འདྲུད་འཁོར་ཡང་གྲས་ནི་རླངས་འཁོར་སྟར་ཕྲེང་ཡིན་པས། ཅུང་ཙམ་གཏོང་དཀའ་ལ། ཁ་ལོ་བར་བདེ་འཇགས་ངང་རླངས་འཁོར་གཏོང་བའི་ནུས་པ་དང་འདུ་ཤེས་ཐད་ཀྱི་བླང་བྱ་མཐོན་པོ་ཡོད་པ་དང་། འདྲུད་འཁོར་ཡང་གྲས་མང་ཆེ་བ་ནི་སྒེར་གྱིས་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་ཀྱི་ཡིན། དེའི་བཀོལ་སྤྱོད་བྱ་ཡུལ་མང་ཆེ་བ་མྱུར་བགྲོད་གཞུང་ལམ་དང་རི་ཁུལ་གྱི་འགྲོ་ལམ་སོགས་རྙོག་འཛིང་ཆེ་བའི་ཁོར་ཡུག་ཡིན་པས། འགྲོ་སྐྱོད་བྱེད་སྐབས་གཞུང་ལམ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། རླངས་འཁོར་གཏོང་བའི་ལམ་ཐིག་འཆར་འགོད་ལུགས་མཐུན་བྱེད་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། གཟབ་གཟབ་ངང་རླངས་འཁོར་གཏོང་བ། ཚུལ་ལྡན་ངང་རླངས་འཁོར་གཏོང་བ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བཅས་བྱ་དགོས་པའི་དྲན་སྐུལ་བྱས།


  • ལེ་ཚན་སྔོན་མ།:ཟླ་རེར་སྒོར་1000འཕྲི་འཐེན་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།