བྱམས་དང་སྙིང་རྗེ་ཆེ།། སྨན་བཅོས་ལག་རྩལ་བཟང་།།

ཀུན་དགས་བསྒྱུར།        2022-03-30

དཔལ་ཡུལ་རྫོང་མི་དམངས་སྨན་ཁང་གིས་བྱིས་པ་བཙས་སྔ་བ་ཞིག་ཉེན་ཁ་ལས་བསྐྱབས།

བྱམས་དང་སྙིང་རྗེ་ཆེ།། སྨན་བཅོས་ལག་རྩལ་བཟང་།།
སྨན་ཞབས་པས་ཕྲུ་གུ་ལ་གཉོར་སྐྱོང་ཞིབ་ཚགས་བྱེད་བཞིན་པའི་ཚུལ།

བྱམས་དང་སྙིང་རྗེ་ཆེ།། སྨན་བཅོས་ལག་རྩལ་བཟང་།།
ལི་ཆིང་གིས་ཕྲུ་གུའི་ཨ་མར་སྐྱག་གདན་བརྗེ་ལུགས་སློབ་བཞིན་པའི་ཚུལ།

ཉེ་ཆར།དཔལ་ཡུལ་རྫོང་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གིས་མངལ་སྦྲུམ་ནས་གཟའ་འཁོར28ལས་འགོར་མེད་པ་དང་། སྤྱི་རྒྱ1.6ལས་མེད་པའི་ཕྲུ་གུ་བཙས་སྔ་བ་ཞིག་བསྐྱབས་ཡོད། བྱིས་པའི་ཚན་ཁག་ཆེད་ལས་དོ་དམ་ཚོ་ཆུང་གིས་ཉིན20ཡི་རིང་འབད་བརྩོན་ཧུར་ཐག་བྱས་པར་བརྒྱུད། ཚང་མས་སེམས་ཁྲལ་བྱེད་བཞིན་པའི་ཚེ་སྲོག་ཆུང་ཆུང་དེར་ད་ལྟ་དབུགས་འབྱིན་རྔུབ་འཕྲུལ་ཆས་སྤྱོད་མི་དགོས་པ་དང་རྒྱུ་མ་ཕྱི་ནས་འཚོ་བཅུད་སྦྱིན་མི་དགོས་ཤིང་། ཚེ་སྲོག་ལ་གསོན་ཤུགས་རིམ་གྱིས་རྒྱས་ཤིང་ལུས་པོས་བཅུད་ཀྱང་ཐུབ་ཡོད། ལག་རྩལ་རྩེ་ལ་སོན་ཞིང་ཞབས་ཞུ་ཡག་པོ་ཡིན་པར་བརྟེན། དཔལ་ཡུལ་རྫོང་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་སྨན་དོན་མི་སྣར་ཕྲུ་གུའི་ནང་མིས་ཁས་ལེན་གང་ལེགས་བྱས་པར་མ་ཟད་གཟེངས་དར་ཡང་ཕུལ་བ་རེད།

གསར་འགོད་པས་བྱིས་པའི་ཚན་ཁག་ཏུ་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་མི་དམངས་སྨན་ཁང་མ་བུ་བདེ་སྲུང་ཁང་ནས་ཡོང་བའི་སྨན་གཡོག་ལི་ཆིང་གིས་ངང་རྒྱུད་རིང་པོས་བྱིས་པར་ནད་གཡོག་བྱེད་ཞོར།བྱིས་པའི་ཨ་མར་བྱིས་པའི་སྐྱག་གདན་བརྗེ་སྟངས་སློབ་ཀྱི་ཡོད། དེ་ལྟར་སློབ་སྦྱོང་དང་ལག་ལེན་ཐེངས་འགའ་བྱས་རྗེས། བྱིས་པའི་ཨ་མས་ཕྲུ་གུ་ལ་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད། སྨན་ཁང་དེའི་སྨན་པ་དང་ནད་གཡོག་ཚང་མ་དུས་རྒྱུན་ནད་ཁང་དུ་སོང་ནས་བྱིས་པ་འདི་སྙིང་གི་ནོར་བུ་ལྟ་བུ་བརྩིས་ནས་གཅེས་སྐྱོང་བྱེད་བཞིན་ཡོད།

སྤྱི་ཟླ2པའི་ཚེས24ཉིན་གྱི་ཆུ་ཚོད6པ་ཙམ་ལ།དཔལ་ཡུལ་རྫོང་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གིས་སྦྲུམ་མ་བཙའ་ལ་ཉེ་བ་ཞིག་ལ་སྨན་བཅོས་བྱས་ཡོད། ཐོག་མའི་ཞིབ་བཤེར་བྱས་པར་བརྒྱུད། སྦྲུམ་སྐྱི་སྔ་གས་དང་མངལ་གནས་དཀའ་བའི་གནས་ཚུལ་ཤེས་རྟོགས་བྱུང་བར་མ་ཟད། མངལ་སྦྲུམ་ནས་གཟའ་འཁོར29ལས་འགོར་མེད་པས་གནས་ཚུལ་ཧ་ཅང་ཉེན་ཁ་ཆེ་བ་ཤེས། དེར་བརྟེན། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོར་སྨན་པ་དང་སྨན་ཁང་དེའི་སྨན་དོན་མི་སྣས་ཕྱར་བ་གྲུ་འདེགས་ཀྱིས་འབད་བརྩོན་བྱས་མཐར་སྦྲུམ་མར་བུ་མོ་ཞིག་སྐྱེས་ཡོད་མོད།འོན་ཀྱང་ཕྲུ་གུ་དམར་འབྱར་གྱི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ1.6ལས་མེད་པ་དང་ཚེ་སྲོག་ལ་བར་ཆད་ཆེ་བའི་ཉེན་ཁའི་དུས་སུ་གནས་ཡོད། སྐབས་དེར། སྨན་པས་ཁྱིམ་མིའི་རེ་འདོད་ལྟར་སྨན་བཅོས་བྱེད་བཞིན་ཡོད་ཀྱང་ཕྲུ་གུ་སྔ་བཙས་དེའི་དབུགས་ཆད་ལ་ཁད་པ་དང་། ལུས་པོའི་དྲོད་ཚད་ཏུའུ36ལས་མེད་པ་དང་། ལུས་ཡོངས་གྲང་ཕུགས་ཆོད་པ་དང་མཁྲིས་སེར་གྱི་ནད་རྟགས་ཀྱང་མངོན་གསལ་ཡིན་ཞིང་།པགས་བརྒྱུད་དབྱང་གི་ཚད་ལོངས་ཚད་བརྒྱ་ཆ75ཡིན། ཝུའུ་ཧོའུ་ཆུས་མི་དམངས་སྨན་ཁང་གི་རོགས་སྐྱོར་ནད་གཡོག་པ་ལི་ཆིང་གིས་མཛུབ་སྟོན་ཞིབ་ཚགས་དང་རྫོང་མི་དམངས་སྨན་ཁང་གི་སྨན་པས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན། སྨན་ཁང་གིས་ཐེངས་དང་པོར་ཕྲུ་གུ་དམར་འབྱར་གྱི་དྲོད་སྒམ་སྒྲིག་ཆས་སྤྱད་ནས་བྱིས་པ་ལ་སྨན་བཅོས་བྱས་ཤིང་། ཉིན20ཡི་རིང་ལ་སྨན་བཅོས་དང་ལྟ་སྐྱོང་གང་ལེགས་བྱས་རྗེས་སྤྱི་ཟླ3པའི་ཚེས14ཉིན་བྱིས་པའི་ནད་ཇེ་ཡང་དུ་སོང་བ་དང་།ལུས་དྲོད་རྒྱུན་ལྡན་དུ་གྱུར་ཅིང་། མཁྲིས་སེར་གྱི་ནད་རྟགས་མངོན་གསལ་ཇེ་ཉུང་དུ་སོང་ནས་སྲོག་ཉེན་ལས་ཐར་ཐུབ་ཡོད།

ཕྲུ་གུའི་ཨ་མ་དཀོན་མཆོག་མཚོས་ངའི་ཕྲུ་གུ་དེ་སྐྱེས་སྔ་བས་ལྗིད་ཚད་སྤྱི་རྒྱ1.6ལས་མེད་པས་གཟུགས་པོ་དེ་ཙམ་ཐང་པོ་མ་རེད། སྨན་པས་མྱུར་སྐྱོབ་ཐེངས་གསུམ་བྱས་ཏེ་སྲོག་གི་ཉེན་ཁ་ལས་ཐར་ཡོད། སྨན་པ་དང་ནད་གཡོག་པ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། ཁོ་ཚོས་ཚེ་སྲོག་ཆུང་ཆུང་འདི་བསྐྱབས་ཐུབ་སོང་། རང་ཉིད་ལ་མཚོན་ན། སྨན་ཁང་དེའི་སྨན་བཅོས་ལག་རྩལ་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ང་ཚོ་མི་སེར་ཚོས་བློ་བདེ་པོའི་ངང་ཐག་ཉེ་སར་ནད་ལྟ་ཐུབ་ཀྱི་འདུག་ཅེས་བཤད།

སྤྱི་ཟླ3པའི་ཚེས17ཉིན། བྱིས་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་ཡོད། བྱིས་པ་དེའི་ནང་མིས་སྨན་བཅོས་ཀྱི་ཕན་འབྲས་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་ཅིང་བྱིས་པའི་ཚན་ཁག་གི་སྨན་དོན་མི་སྣས་སྨན་བཅོས་དང་ལྟ་སྐྱོང་ཞིབ་ཚགས་བྱས་པར་ཐུགས་རྗེ་ཡང་ཡང་ཞུས།

ཉིན་དེའི་བྱིས་པར་ནད་བཅོས་པའི་གནས་ཚུལ་གླེང་སྐབས། བྱིས་པའི་ཚན་ཁག་གི་སྨན་པ་ལི་ལུའོ་ཡན་གྱིས་སྤྱི་ཟླ2པའི་ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད5པར་ངས་ལས་རེས་བྱེད་སྐབས་གློ་བུར་དུ་བུད་མེད་དང་བུ་བཙའི་ཚན་ཁག་གི་ཁ་པར་ཞིག་འབྱོར་བྱུང་།ཁ་པར་ནས་བུ་ཕྲུག་བཙས་སྔ་བ་ཞིག་ངེད་སྨན་ཁང་བྱིས་པའི་ཚན་ཁག་ཏུ་ཡོང་གི་རེད་ཅེས་བཤད་མ་ཐག། ངས་མགྱོགས་མྱུར་དུ་ཚན་ཁག་གི་ཀྲུའུ་རེན་དང་རོགས་སྐྱོར་བྱེད་མཁན་སྨན་གཡོག་ལི་ཆིང་ལ་ཁ་པར་རྒྱག་རོགས་ཞུས་པ་ཡིན། ཁོང་ཚོས་དྲོད་སྒམ་དང་འོད་སྔོན་སྨན་བཅོས་ཡོ་བྱད་གྲ་སྒྲིག་བྱེད་ཀྱི་ཡོད།བུད་མེད་དང་བུ་བཙའ་ཚན་ཁག་གི་སྨན་པ་དང་སྨན་ཞབས་པ་དང་དེ་བཞིན་ང་ཚོའི་ཚན་ཁག་གི་སྨན་པ་དང་སྨན་ཞབས་པ་བཅས་མཉམ་དུ་ཕྲུ་གུ་དམར་འབྱར་དེ་བསུ་བར་སོང་། ཕྲུ་གུ་དེ་བཙས་པའི་སྐབས་སུ། ཁོའི་ལྗིད་ཚད་ལ་སྤྱི་རྒྱ1.6ལས་མི་འདུག། སྐབས་དེར་རྐང་ལག་ཚང་མ་འཁྱག་པོ་ཡིན་ཞིང་། ལུས་ཡོངས་ཀྱི་ཤ་པགས་སྔོ་སྨུག་ལ་གྱུར་འདུག། ང་ཚོས་མོར་སྙིང་གི་གློག་རིས་ཀྱིས་ལྟ་དཔྱད་བྱེད་སྐབབས། མོའི་གསོ་རླུང་འདང་ཚད་ཧ་ཅང་དམའ་པོ་ཡིན་པ་ཤེས། དེ་རྗེས་དགེ་རྒན་ལི་ལགས་དང་ཚན་ཁག་གི་ཀྲུའུ་རེན་གྱིས་མགྱོགས་མྱུར་ཕྲུ་གུ་དྲོད་སྒམ་ནང་བཞག་པ་དང་། ཁ་ལུད་བརྔུབས་ཏེ་དབུགས་ལམ་གཙང་མར་བཟོས་པ་སོགས་མྱུར་སྐྱོབ་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་རྗེས་ཕྲུ་གུའི་ཚེ་སྲོག་གི་ཐང་རྟགས་ཁག་རིམ་གྱིས་བརྟན་པོར་རེད་སོང་ཞེས་བཤད་པ་རེད།

སྨན་བཅོས་མི་སྣས་ཉིན20རིང་སྨན་བཅོས་དང་ལྟ་སྐྱོང་ཞིབ་ཚགས་བྱས་ཏེ་ཉམས་ཞན་གྱི་ཚེ་སྲོག་ཅིག་བསྐྱབས་ཐུབ་ཡོད། དུས་རབས་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཚེ་སྲོག་ལ་གུས་ཤིང་ཞབས་ཕྱི་ལེགས་པོར་སྒྲུབ་བཞིན་ཡོད། སྤྱིར་བཏང་གི་ལས་གནས་ཤིག་ནས་ཤི་གསོན་གྱི་ཁུར་པོ་ལྕི་མོ་ཕྲག་ཏུ་ཁུར་ཏེ་ནད་པ་ཡོངས་ལ་བྱམས་སྙིང་རྗེ་བཅངས་ཤིང་རང་ནུས་ཡོད་དགུས་ཞབས་འདེགས་ཞུ་བཞིན་ཡོད་དོ།།




  • ལེ་ཚན་སྔོན་མ།:གྲོང་སྡེ་དང་སྤྱི་ཁུལ་གྱི་ནགས་ཚལ་མེ་ཟོན་བྱ་དགའ་དང་ཁ་གསབ་ཀྱི་ཚོད་ལྟའི་བྱེད་ཐབས་དངོས་སུ་བཏོན།
  • ལེ་ཚན་རྗེས་མ།: མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་ཚགས་བཤེར་བྱས་ཏེ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10