གནམ་གྲུའི་དོན་རྐྱེན་གྱི་བརྟག་དཔྱད་མཇུག་འབྲས་ག་དུས་ཤེས་ཐུབ་བམ།

    མི་དམངས་དྲ་བ།    2022-03-29

 ཟླ་3ཚེས་27ཉིན། “3.21”ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735གནམ་གྲུ་འཕུར་སྐྱོད་ལས་འཛོལ་གྱི་སྒམ་ཆུང་ནག་པོ་གཉིས་པ་སྟེ་འཕུར་སྐྱོད་ཀྱི་གཞི་གྲངས་ཟིན་འགོད་འཕྲུལ་ཆས་པེ་ཅིང་དུ་བདེ་བླག་ངང་འབྱོར་བ་དང་འབྲེལ་ཆེད་ལས་སྒྲིག་གཞིར་བསྐྱལ་ནས་རྗེས་མཐུད་ཐག་གཅོད་བྱས་པ་རེད། ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུར་སྒམ་ཆུང་ནག་པོ་གཉིས་ཡོད་པ་དང་། སྒམ་ཆུང་ནག་པོ་དང་པོ་སྟེ་ཁ་ལོ་བ་སྡོད་ཁང་གི་སྐད་ཆའི་ཟིན་འགོད་འཕྲུལ་ཆས་དེ་ཚེས་23ཉིན་རྙེད་ཡོད་པ་རེད།
     སྒམ་ཆུང་ནག་པོ་གཉིས་ཀྱི་གཞི་གྲངས་ཟུང་འབྲེལ་བྱས་ན་དོན་རྐྱེན་བྱུང་བའི་བརྒྱུད་རིམ་སླར་ཡང་མངོན་ནས་རྒྱུ་རྐྱེན་འཚོལ་ཞིབ་བྱེད་པར་ཕན་ཐོགས་ཡོད། 
     སྒམ་ཆུང་ནག་པོ་གཉིས་ཀྱི་ལས་བགོས་མི་འདྲ་བས་གཞི་གྲངས་ནི་དོན་རྐྱེན་བརྟག་དཔྱད་ལ་མཚོན་ན་ཧ་ཅང་གལ་ཆེ།《མཁའ་འགྲུལ་ཤེས་བྱའི》གཙོ་སྒྲིག་པ། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་མཁའ་འགྲུལ་ཆེད་མཁས་པ་ཝང་ཡ་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།
     ཁ་ལོ་བ་སྡོད་ཁང་གི་སྐད་ཆའི་ཟིན་འགོད་འཕྲུལ་ཆས་(CVR)ནང་དུ་འཕུར་སྐྱོད་པའི་བར་གྱི་ཁ་བརྡ་དང་། འཕུར་སྐྱོད་པ་དང་ས་ངོས་ཀྱི་མཁའ་འགྲུལ་དོ་དམ་པའི་བར་གྱི་ཁ་བརྡ་ཚུད་ཡོད་ལ། སྡོད་ཁང་ཚང་མའི་ནང་གི་རྒྱབ་ལྗོངས་སྒྲ་ཡང་ཚུད་ཡོད། སྐད་ཀྱི་གཞི་གྲངས་འཚོལ་བསྡུ་བྱས་པ་དེས་སྐབས་དེའི་འཕུར་སྐྱོད་པའི་འཕུར་སྐྱོད་གནས་ཚུལ་གྱི་ཚུར་ལན་དང་། དེ་འདྲ་བྱེད་དགོས་པའི་གྲོས་མོལ་དུས་ཐོག་ཏུ་སོར་ལོག་བྱེད་ཐུབ། 
     འཕུར་སྐྱོད་ཀྱི་གཞི་གྲངས་ཟིན་འགོད་འཕྲུལ་ཆས་(FDR)ཀྱིས་འཕུར་སྐྱོད་བརྒྱུད་རིམ་ཁྲོད་ཀྱི་འགག་རྩའི་མ་ལག་དང་འགག་རྩའི་སྒྲིག་ཆས་ཀྱི་ལས་ཀའི་ཞུགས་གྲངས་ཡོད་ཚད་འཚོལ་ཐུབ། འཕུར་སྐྱོད་ཀྱི་གཞི་གྲངས་ཟིན་འགོད་འཕྲུལ་ཆས་ཀྱིས་གཞི་གྲངས་ཀྱི་ངོས་ནས་སྐབས་དེའི་གནམ་གྲུའི་ལག་རྩལ་གྱི་རྣམ་པ་དང་འཕུར་སྐྱོད་ཀྱི་རྣམ་པ་སླར་ཡང་མངོན་གྱི་ཡོད།
     ཝང་ཡ་ནན་གྱིས་སྒམ་ཆུང་ནག་པོ་གཉིས་ཀྱི་གཞི་གྲངས་གཅིག་ཏུ་བསྡུས་ཚེ་འཕུར་སྐྱོད་པའི་སྐབས་དེའི་འཕུར་སྐྱོད་གནས་ཚུལ་དོན་དངོས་དང་མཐུན་མིན་དང་། འཕུར་སྐྱོད་བྱེད་པའི་བསམ་འདུན་མངོན་འགྱུར་ཐུབ་མིན་སོགས་ཚོད་དཔག་ཐུབ་པས་སྐབས་དེ་དུས་དོན་རྐྱེན་གྱི་གནས་ཚུལ་ལ་ར་སྤྲོད་ནུས་ལྡན་བྱ་ཐུབ་ཅེས་བཤད་པ་རེད།
     འབྲེལ་ཡོད་གཏན་འབེབས་ལྟར་ན། ཐོག་མའི་བརྟག་དཔྱད་སྙན་ཞུ་དེ་དོན་རྐྱེན་བྱུང་ནས་ཉིན་30ནང་ཚུན་དུ་འབུལ་དགོས།
     དམངས་སྤྱོད་མཁའ་འགྲུལ་དོན་རྐྱེན་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་མའོ་ཡན་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བརྟག་དཔྱད་མི་སྣས་ཟིན་འགོད་འཕྲུལ་ཆས་གཉིས་ཀྱི་གཞི་གྲངས་དང་། དེ་བཞིན་ཡུལ་དངོས་སུ་རྩད་ཞིབ་བྱས་པའི་དཔང་རྟགས་དང་། བར་སྣང་དོ་དམ་གྱི་རཱ་ཏར་གཞི་གྲངས། གནམ་གྲུའི་དོ་དམ་ཚན་པའི་སྐམ་ས་དང་བར་སྣང་གི་ཁ་བརྡ། གནམ་གྲུ་དང་ས་ངོས་ཀྱི་གཞི་གྲངས་བརྒྱུད་གཏོང་གི་ཆ་འཕྲིན། དཔང་པོའི་བཅར་འདྲི་སོགས་ཆ་འཕྲིན་ཟུང་འབྲེལ་བྱས་ཏེ་ཕྱོགས་བསྡུས་དབྱེ་ཞིབ་དང་བརྡར་ཤ་བཅད་ན་གཞི་ནས་དོན་དངོས་དང་མཐུན་ལ་གནད་ལ་འཁེལ་བའི་སྒོ་ནས་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་ཐུབ།
     མའོ་ཡན་ཧྥུང་གིས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཆིངས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ཐོག་མའི་སྙན་ཞུ་དེ་གནས་ཚུལ་ཐོན་ཉིན་ནས་བཟུང་ཉིན་30ནང་ཚུན་དུ་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ལ་འབུལ་དགོས་པ་དང་། རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་ལས་དོན་སྐད་ཡིག་ཐོག་ནས་འབུལ་དགོས་ཏེ། རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀ་དེའི་ལས་དོན་གྱི་སྐད་ཡིག་ཡིན་ཞེས་བཤད་པ་རེད། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་སྒྲིག་སྲོལ《དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་དོན་རྐྱེན་བརྟག་དཔྱད་གཏན་འབེབས》ལ་གཞིགས་ན། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དོན་རྐྱེན་ཐོན་རྗེས་ཀྱི་ཉིན་30ནང་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ལ་ཐོག་མའི་བརྟག་དཔྱད་སྙན་ཞུ་འབུལ་དགོས།
     བརྟག་དཔྱད་ཚོ་ཆུང་གིས་གོང་གསལ་གྱི་རྒྱལ་ནང་སྒྲིག་སྲོལ་དང་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་དོན་རྐྱེན་བརྟག་དཔྱད་ལས་དོན་སྤེལ་རྒྱུ་ཡིན།

  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་ཏུ་བཀོད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་བཅས་ནས་ངག་བསྡམས་མྱ་ངན་ཞུས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།