ཞིན་ཧྭ་གསར་འགྱུར་ཁང་། 2022-03-16
ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་དེ《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་གཙོ་གནད་ལས་འགན་བགོས་པ་དང་། ཏན་ཏིག་དང་ནུས་ལྡན་སྒོས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་དེ། 《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་གཙོ་གནད་ལས་འགན་བགོས་པ་དང་། ཏན་ཏིག་དང་ནུས་ལྡན་སྒོས་དོན་འཁྱོན་ནན་འཛིན་བྱས་ནས། དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཚོགས་འདུས་བསྟན་དོན། ཏག་ཏག་མཇུག་འགྲིལ་མ་ཐག་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་ནང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་དང་སྲིད་ཇུས་བྱེད་ཐབས་གཏན་འཁེལ་བྱས་ཡོད་པས། ངེས་པར་དུ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དོན་འཁྱོལ་བྱས་ཏེ། སྲིད་གཞུང་གིས་མི་དམངས་ལ་ཁས་བླངས་པའི་བྱ་བ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཚོགས་འདུས《སྲིད་གཞུང་བྱ་བའི་སྙན་ཞུ》ནང་བཏོན་པའི་ཕྱོགས44ཡི་གཙོ་གནད་ལས་དོན52རེ་རེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་འབྲེལ་ཡོད་ས་གནས་སུ་བགོས་ཏེ། འགན་འཁྲི་དང་ལེགས་འགྲུབ་དུས་ཡུན་གཏན་འཁེལ་གསལ་བོ་བྱས།
ཚོགས་འདུས་ནན་གྱིས་བསྟན་དོན། མིག་སྔར་དཔལ་འབྱོར་འཁོར་རྒྱུག་མར་ཆག་པའི་གནོན་ཤུགས་གསར་པ་འཕྲད་པ་དང་། དཀའ་ངལ་དང་འགྲན་སློང་ཇེ་མང་དུ་ཕྱིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། དུས་འཁོར་རང་བཞིན་གྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། བརྟན་བརླིང་འཕར་འཕེལ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་དགོས། གཅིག་ནས་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་དང་། དཔལ་འབྱོར་སྒྲིག་གཞི་གཙོ་བོའི་སྤྱི་ཁོག་སྲིད་ཇུས་ལེགས་སྒྲིག ཚོང་ཟོག་འབོར་ཆེའི་ཁྲོམ་རའི་འཕེལ་ཕྱོགས་སོགས་དང་དེ་དག་གིས་རང་རྒྱལ་ལ་བཞག་པའི་ཤུགས་རྐྱེན་ལ་རྗེས་འདེད་དམ་ཟབ་བྱས་ཏེ། རྒྱུན་ཆད་མེད་པར་ཁ་གཏད་གཅོག་ཐབས་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་འཕར་བ་དང་ལས་ཞུགས། ཟོག་གོང་སོགས་ལུགས་མཐུན་གྱི་བར་མཚམས་ནང་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས།
གཉིས་ནས་ཁྲོམ་རའི་གཙོ་གཞི་ལ་དམིགས་ཏེ་ལས་ཞུགས་འགན་ལེན་བྱེད་པའི་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། ཁྲལ་སློག་ཁྲལ་འཕྲི་ནི་ད་ལོའི་སྤྱི་ཁོག་དཔལ་འབྱོར་གྱི་སྡེར་ཆེན་བརྟན་བརླིང་ཡོང་བའི་འགག་རྩའི་རང་བཞིན་གྱི་བྱ་ཐབས་ཤིག་ཡིན་པས། གང་མགྱོགས་སྒོས་གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོས་ནས་བཏོན་ཏེ། ཕྱིར་སློག་བྱེད་དགོས་པའི་ཁྲལ་དངུལ་གང་མགྱོགས་ངང་ཕྱིར་སློག་ཐུབ་པ་དག་གང་མགྱོགས་ངང་ཕྱིར་སློག་ནས། གཏན་འཁེལ་གྱི་དུས་བཀག་ལྟར་ཁེ་ལས་ཀྱི་རྩིས་ཐོའི་ཐོག་སློག་ཐུབ་པར་ཁག་ཐེག་བྱེད་དགོས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང་། སྒེར་གཉེར་བཟོ་ཚོང་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གཞན་དག་ལ་དུས་ཡུན་ནར་འགྱངས་དང་ཁྱབ་རྒྱ་ཆེར་གཏོང་བ། སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བཀོད་སྒྲིག་ལ་ཞིབ་འཇུག་བྱེད་དགོས། དམིགས་བསལ་གྱི་རྒྱལ་དབང་དངུལ་རྩའི་སྒྲིག་གཞི་དང་ཆེད་གཉེར་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁེ་སྤོགས་གོང་འབུལ་བྱས་པ་དུས་ཐོག་ཏུ་མཛོད་དུ་འཇུག་པ་དང་། ས་གནས་ཀྱིས་ཁྲལ་རིན་གཉིས་གཅོག་དོན་འཁྱོལ་ལ་རྒྱབ་སྐྱོར་བྱེད་པའི་སྤོ་སྒྱུར་གཏོང་སྤྲོད་དུས་ཐོག་ཏུ་གྲོང་ཁྱེར་དང་རྫོང་གི་གཞི་རིམ་དུ་ཐད་ཀར་སྐྱོད་པ། གཞི་རིམ་གྱིས་ཁེ་ལས་དང་དམངས་ཕན་ལ་རོགས་རམ་བྱེད་པའི་ནོར་ཤུགས་འདེགས་སྐྱོར་ལ་ཁག་ཐེག་བྱེད་དགོས། ས་གནས་སོ་སོས་དོན་དངོས་ནས་མགོ་ཚུགས་ཏེ། ཁྲོམ་རའི་གཙོ་གཞི་དང་ལྷག་པར་དུ་དམིགས་བསལ་དཀའ་ངལ་ཡོད་པའི་ལས་རིགས་ལ་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ཐོན་ནུས་ཀྱི་འགྲོ་གྲོན་ཇེ་དམའ་རུ་གཏོང་བ་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་སྤྱོད་དགོས། དངུལ་རྩའི་སྒྲིག་གཞིར་ཞིབ་ཕྲའི་བྱ་ཐབས་འདོན་རྒྱུར་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱིས་མ་དངུལ་བསྡུ་སྒྲིལ་གྱི་ཐོབ་ཆོག་རང་བཞིན་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཇེ་དམའ་རུ་གཏོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དུས་མཚུངས་སུ། ཧུར་ཐག་གིས་ནང་མཁོ་རྒྱ་སྐྱེད་བཏང་ནས། འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་སྤེལ་དང་ནུས་ལྡན་མ་དངུལ་འཇོག་ཇེ་མང་དུ་གཏོང་དགོས། གློག་ཤུགས་དང་རྡོ་སོལ་བརྟན་བརླིང་ངང་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས།
གསུམ་ནས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ཚིགས་གནས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། “གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཀུན་གྱིས་ལས་གཏོད་བྱེད་པ་དང་། ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ལས་གཏོད་གསར་གཏོད་དང་ཁེ་ལས་གཉེར་སྐྱོང་། སྡོད་མིས་ལས་སྒྲུབ་བཅས་ལ་སྟབས་བདེ་སྐྲུན་པའི་བྱ་ཐབས་ཁག་གཅིག་བཏོན་ཏེ། དོན་དག་སྔར་བས་མང་བ་ཡུལ་གཞན་ནས་སྒྲུབ་པ་དང་། དྲ་ཐོག་ནས་སྒྲུབ་པར་སྐུལ་འདེད་གཏང་དགོས། ཐོབ་ཐང་ལག་ཁྱེར་གློག་རྡུལ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། ཨང་བཤེར་བྱས་ཏེ་ཐོབ་ཐང་ལག་ཁྱེར་མཁོ་བའི་ཞབས་ཞུའི་དོན་དག་སྒྲུབ་པ་མངོན་འགྱུར་བྱེད་དགོས་ལ། དེ་དང་ཆབས་ཅིག་མང་ཚོགས་ཀྱི་ཆ་འཕྲིན་བདེ་འཇགས་དང་གསང་བར་འགན་ལེན་ཡག་པོ་བྱེད་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། དྲང་གཞག་འགྲན་རྩོད་ལ་སྲུང་སྐྱོང་བྱེད་དགོས། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་དགོས། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་དང་། རྨང་གཞི་ཞིབ་འཇུག་ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་བསྔགས་སྐུལ་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ནས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ཚོང་དོན་བརྟན་བརླིང་དང་ཕྱི་ཕྱོགས་མ་དངུལ་བརྟན་འཇགས་ལ་འཕྲད་པའི་གནས་ཚུལ་གསར་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། གཏན་འཁེལ་བྱས་ཟིན་པའི་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་བྱས་ནས། ཕྱི་ཕྱོགས་ཚོང་དོན་གྱི་ཕྱི་རྒྱལ་མ་འཇོག་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
བཞི་ནས་ནུས་རྩལ་དང་སེམས་ཤུགས་ཡོད་རྒུས་དམངས་འཚོའི་དོན་དངོས་ལ་འགན་ལེན་དང་ལེགས་གཏོང་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། གཞི་རྩའི་སྡོད་ཁང་སོགས་གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་ཐབས་ལག་བསྟར་ཡག་པོ་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དམངས་འཚོའི་ཚད་མཐའ་ཇེ་བརྟན་དུ་གཏོང་དགོས།
ལྔ་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དགོས་གཏུགས་ཀྱི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། དངོས་སྒྲུབ་འགན་འཁུར། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་བཅས་བྱས་ཏེ། གསར་གཏོད་རང་བཞིན་གྱིས་ལས་དོན་སྤེལ་དགོས། མུ་མཐུད་དུ་ལྟ་ཞིབ་ལྟ་སྐུལ་ལ་དམ་འཛིན་བྱས་ཏེ། ཁག་འགན་ཕར་དཀྲི་ཚུར་དཀྲི་དང་ཁྲལ་སེལ་སླ་བཅོས་དང་། “རྒྱུག་པ་ལེབ་རྡུང”དང་ལྷག་པར་དུ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པ་སྣང་མེད་དུ་བཏང་བ་སོགས་འགན་མི་འཁུར་བ་དང་གང་བྱུང་བྱེད་པའི་རིགས་སྔོན་འགོག་དང་ཡོ་བསྲང་བྱས་ཏེ། ལས་དོན་ཁག་ལ་ཕན་འབྲས་ཐོན་པའི་ཁག་ཐེག་བྱེད་དགོས།
ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10