པེ་ཅིང་གི་དབང་སྐྱོན་དགུན་ཨོ་འགྲན་ཚོཊ་རྒྱལ་ཁའི་ངང་མཇུག་འགྲིལ་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-15

པེ་ཅིང་གི་སྤྱི་ལོ་2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་མཇུག་འགྲིལ་བ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་སེན་སི་མཇུག་འགྲིལ་མཛད་སྒོར་ཞུགས་པ།

     པེ་ཅིང་གི་སྤྱི་ལོ་2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་སྤྱི་ཚེས་13ཉིན་གྱི་དགོང་མོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་གཉེར་བ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་སེན་སི་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད་པ་རེད།

     ཨོ་རྩལ་འགྲན་ཚོགས་གཉིས་ཀ་ངོ་མཚར་ཆེ་མཉམ་བྱུང་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་གཉེར་བའི་རྗེས། པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱིས་ཕུལ་དུ་བྱུང་བའི་འགྲན་བསྡུར་སྒྲིག་འཛུགས་དང་། འཐུས་སྒོ་ཚང་བའི་ཤར་བགྲོད་སྒྲིག་ཆས། མི་གཤིས་ཅན་གྱི་ཞབས་ཞུ་བཅས་ལས་འགྲན་ཞུགས་པ་དང་། རྩལ་འཁྲིད་པ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་རྒྱ་ཁྱབ་ཀྱི་བསྔགས་བརྗོད་ཐོབ་ཡོད། འདས་པའི་ཉིན་9ཡི་ནང་། རྒྱལ་ཁབ་དང་ས་ཁུལ་46ནས་ཡོང་བའི་དབང་སྐྱོན་ལུས་རྩལ་པ་600ལྷག་གིས་དཔའ་ངར་ཆེ་སྐྱེད་ཀྱིས་འབད་འཐབ་བྱས་པས། ཡར་ཐོན་ལྷུར་ལེན་དང་། ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ལེགས་པར་མངོན་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་18དང་། གཟེངས་བསྟོད་རྟགས་མ་61ཐོབ་སྟེ་གསེར་གྱི་རྟགས་མའི་བང་གྲལ་དང་གཟེངས་བསྟོད་རྟགས་མའི་བང་གྲལ་གཉིས་ཀའི་ཨང་དང་པོར་སླེབས་ནས། དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།

     ས་སྲོས་མཚམས་སུ་རྒྱལ་ཁབ་ལུས་རྩལ་ཁང་ནང་བཀྲག་མདངས་རབ་ཏུ་འཕྲོ་ཞིང་། ཕན་ཚུན་ཁ་བྲལ་མི་ཕོད་པའི་མཛའ་གཅུགས་ཀྱི་རྣམ་པས་ཁེངས་ཡོད། 

     《ཞི་བདེ--ལས་དབང་གཅིག་མཐུན་མ་ལག》ཅེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་ཕ་སེན་སི་སོགས་དང་ལྷན་དུ་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས་ལྟད་མོ་བར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།

     སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ་མཇུག་འགྲིལ་མཛད་སྒོའི་འགོ་ཚུགས་འཁྲབ་སྟོན་《ཆེས་མཛེས་ཤོས་ཀྱི་དུས་སུ》ཞེས་པ་དེ་འཁྲབ་འགོ་ཚུགས་ཡོད། ལུས་རྩལ་ཐང་དབུས་ཀྱི་ས་ངོས་འཆར་ཤེལ་ཆེན་པོའི་ངོས་སུ་སྐད་པར་འཁོར་ལོ་ཆེན་པོ་ཞིག་མངོན་པ་དང་། དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་མིན་པའི་བདེ་ཐང་མི་སྣའི་འཁྲབ་སྟོན་པ་ཚོས་མཉམ་དུ་སྐད་པར་འཁོར་ལོའི་སྟེང་གི་སྐར་པར་ཁབ་ལ་འབུད་འདེད་བཏང་བ་དང་། གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་སྐད་པར་འཁོར་ལོ་དེ་དལ་བུར་འགུལ་བ་དང་སྦྲགས་ཉིན་དགུའི་རིང་གི་འགྲན་བསྡུར་གྱི་སྐད་གཅིག་མ་མང་པོ་ཞིག་རེ་རེ་བཞིན་ཕྱིར་མངོན་ཡོང་བ་རེད།

     ཚང་མ་ཡང་བཞེངས་པ་དང་། རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་རེད།

     སྐད་པར་འཁོར་ལོའི་སྟེང་གི་གསེར་མདོག་ཅན་གྱི་གཞས་སྡེར་དེ་སྐར་མའི་གོ་ལའི་དབུས་ཀྱི་ས་གོ་ལར་བསྒྱུར་ཡོད། དེ་རྗེས་འགྲན་ཞུགས་འཐུས་མི་ཚོགས་པ་ཁག་གིས་རང་སོ་སོའི་དར་ཆ་བསྒྲེངས་ནས་ལུས་རྩལ་ཐང་དུ་ཕེབས་པ་དང་། ཚོན་མདོག་སྣ་ལྔའི་དར་ཆ་དེ་དག་དགའ་སྤྲོའི་རྦ་རླབས་འཕྱུར་བའི་རྒྱ་མཚོ་ཆེན་པོར་གྱུར་ཡོད།

     གསར་དུ་བདམས་ཐོན་བྱུང་བའི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་2ཚོགས་རའི་དབུས་སུ་ཕེབས་ནས། པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པའི་འཐུས་མི་6ལ་མེ་ཏོག་སོས་པ་ཕུལ་ནས་དང་བླངས་པ་ཚོས་དཀའ་སྤྱད་འབད་འཐབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འཆར་ཤེལ་ཆེན་པོའི་ངོས་སུ་དང་བླངས་པ་ཚོས་སེམས་རྩ་འཁོལ་བ་དང་། འཐུས་སྒོ་ཚང་ཞིང་ཞིབ་ཚགས་ལྡན་པའི་ངང་ལུས་རྩལ་པ་ཚོར་ཞབས་འདེགས་ཞུས་པའི་མི་སེམས་འགུལ་བའི་བརྙན་ཐུང་བསྟན་ཡོད།

     སྙན་འཇེབས་ལྡན་པའི་རོལ་དབྱངས་ཁྲོད་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་མིན་པའི་བདེ་ཐང་མི་སྣའི་འཁྲབ་སྟོན་པ་ཚོས་ལྷན་དུ་འཁྲབ་པའི་《མཛའ་སེམས་ཀྱི་ཡིད་འགུག》ཅེས་པ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། དབང་པོ་སྐྱོན་ཅན་གྱི་ཨོག་ལེན་འཁྲབ་སྟོན་པ་ཚོས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨའོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚོགས་གླུ་དཀྲོལ་བ་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨའོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚོགས་དར་དལ་བུར་ཕབ་ཡོད།

     དེ་རྗེས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚོགས་དར་རྩིས་སྤྲོད་བྱེད་པའི་མཛད་སྒོ་གཉེར་ཡོད། པེ་ཅིང་གྲོང་ཁྱེར་གྱི་གྲོང་སྤྱི་ཁྲེན་ཅི་ཉིང་གིས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨའོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚོགས་དར་གཡུག་གཡུག་གནང་ནས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་སེན་སིར་རྩིས་སྤྲོད་གནང་ཡོད། ཕ་སེན་སིས་ཚོགས་དར་དེ་སྐབས་རྗེས་མའི་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་གཙོ་གཉེར་བྱེད་མཁན་གྲོང་ཁྱེར་དབྱི་ཐ་ལིའི་མི་ལན་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་སི་ཁ་ཝུའུ་ཙོ་དང་ཁེའར་ཏི་ནཱ་ཏན་ཕའེ་ཙོ་གྲོང་ཁྱེར་གྱི་གྲོང་སྤྱི་ཀའེ་ཏི་ནཱར་རྩིས་སྤྲོད་གནང་ཡོད།

     ཚོགས་ར་དངོས་སུ་དབྱི་ཐ་ལིའི་རྒྱལ་གླུ་དཀྲོལ་བ་དང་དབྱི་ཐ་ལིའི་རྒྱལ་དར་བསྒྲེངས་ཡོད། འཆར་ཤེལ་ཆེན་པོའི་ངོས་སུ་སྐབས་རྗེས་མའི་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་གཙོ་གཉེར་བྱེད་མཁན་གྲོང་ཁྱེར་གྱི་བརྙན་ཐུང་《རེ་བས་ཕྱུག་པའི་ང་ཚོ》ཞེས་པ་དེ་བསྟན་ཡོད།

     དེ་རྗེས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའེ་ཆིས་ཤིས་ཚིག་གསུངས་པ་རེད། ཁོང་གིས། མི་རྣམས་ནས་བརྗེད་པར་དཀའ་བའི་ཉིན་9ཡི་ནང་། འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་ལུས་རྩལ་པ་ཚོས་འགྱུར་མེད་ཀྱི་བསམ་འདུན་ལ་བརྟེན་ནས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱས་ཡོད་ལ། ཉམས་དགའ་བག་ཡངས་ཀྱི་མི་ཚེའི་རྣམ་འགྱུར་དང་། འདྲ་མཉམ་རང་བཀུར་གྱི་ཚེ་སྲོག་གི་ལ་རྒྱ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་བཅས་ཀྱང་མངོན་ཡོད་ཅིང་། འཛམ་གླིང་ཡོངས་ནས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མྱོང་རོལ་བྱེད་དུ་བཅུག་ཡོད། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཁྱིམ་ཚང་ཆེན་མོའི་ཁོངས་མི་རྣམ་པས་མཐུན་སྒྲིལ་རོགས་ལས་དང་། སྨྱན་སྦྱོར་ལས་ཁུངས་ཀྱི་བརྒྱུད་གཏོང་དང་འགོད་སྤེལ་ལེགས་པོ་བྱས་མཐར། འཛམ་གླིང་ལ་ངོ་མཚར་ཕུལ་བྱུང་གི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་སྟོན་མོ་ཞིག་བཤམས་ཡོད། ཞབས་ཞུ་འགན་ལེན་གྱི་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མའི་འབད་བརྩོན་ལ་བརྟེན་ནས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དེ་བབས་བསྟུན་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཐོག་ནས་གཉེར་ཡོད། ང་ཚོས་མུ་མཐུད་དེ་བློ་སྟོབས་དང་། ཆོད་སེམས། འདྲ་མཉམ་བཅས་ཀྱི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དང་། ལག་གདང་སྦྲེལ་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེ་བས་ཆེ་བའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཐོག ང་ཚོ་མཉམ་དུ་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་གསུངས་པ་རེད། 

     རྒྱལ་སྤྱིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་ཕ་སེན་སིས་ཤིས་ཚིག་གསུངས་པ་རེད། ཁོང་གིས། པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དེ་མི་རྣམས་ནས་བསྟོད་བསྔགས་བྱེད་འོས་པ་དང་། བདེ་འཇགས་ཡིད་རྟོན་རུང་བ། ངོ་མཚར་དཔལ་གྱི་ཕྱུག་པ་ཞིག་བྱུང་ཡོད་པས། འབྱུང་འགྱུར་གྱི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཚད་གཞི་བཟུང་ས་ཞིག་བཏོད་ཡོད། ཀྲུང་གོ་འདི་ཉིད་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་སྟོབས་ཆེའི་རྒྱལ་ཁབ་ཞིག་ཏུ་གྱུར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཡོངས་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། མཇུག་ཏུ་ཕ་སེན་སིས་པེ་ཅིང་གི་སྤྱི་ལོ་2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་མ་ཟད། ལུས་རྩལ་པ་ཚོ་ལོ་བཞིའི་རྗེས་སྨི་ལན་གྱི་ཁོར་ཏི་ནཱ་ཏན་ཧྥའེ་ཙུའོ་རུ་སླར་ཡང་འཛོམས་རྒྱུར་འབོད་སྐུལ་གནང་བ་རེད། 

     དབང་པོ་སྐྱོན་ཅན་གྲངས་ལས་འདས་པའི་འཛུམ་ཞལ་ལས་གྲུབ་པའི་བརྙན་ཐུང་གིས་ཆེས་མཐའ་མའི་ཞལ་གྱེས་ཀྱི་དུས་ཚོད་འགོ་རྩོམ་ཡོད། བརྗེད་པར་དཀའ་བའི་པར་རིས་རེ་རེ་བཞིན་སྐད་པར་འཁོར་ལོའི་ཐོག་སླར་ཡང་མངོན་པ་དང་། གངས་འདབ་ཞེས་པའི་མི་སེམས་འགུལ་བའི་དབྱངས་རྟའི་འགྲོས་དང་བསྟུན་ནས་གངས་འདབ་ཆེན་མོའི་དབྱིབས་སུ་བཀོད་པའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོའི་མེ་ལྕེ་དལ་བུའི་སྒོ་ནས་ཡལ་བར་གྱུར། 

     བྱིས་པ་ལོང་བའི་མཉམ་གཞས་ཚོགས་པའི་ལེན་པའི་དྭངས་གཙང་ལྷད་མེད་ཀྱི་གཞས་གདངས་ཁྲོད་“པེ་ཅིང་། 2022”ཞེས་པའི་ཡིག་འབྲུའི་དབྱིབས་སུ་གྲུབ་པའི་ཤོག་སྦག་ལུས་རྩལ་ཐང་གི་མཁའ་དབྱིངས་སུ་སྤར་ཡོད་པ་རེད། 

     པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། པེ་ཅིང་དུ་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད་པ་རེད། 

     རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་སོགས་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ ཐེངས་ལྔ་པ་པེ་ཅིང་ནས་གྲོལ།
  • ལེ་ཚན་རྗེས་མ།:གྲོང་ཁྱེར་འདིའི་སྡེ་ཁུལ་ཡོངས་ཚེས14ཉིན་ནས་བཟུང་བཀག་སྡོམ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།