«བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་བསྡུ་སྒྲིག་ཞིབ་འཇུག་བྱ་ཐབས»དེབ་གསར་སྒོར་ཐོན་པ།

    གསོ་རིག་གླེང་སྟེགས།    2022-03-09

ཉེ་ཆར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་བོད་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་མཁས་དབང་མཉམ་རུབ་ཀྱིས་རྩོམ་སྒྲིག་གནང་བའི«བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་བསྡུ་སྒྲིག་ཞིབ་འཇུག་བྱ་ཐབས»ཞེས་པའི་དེབ་གསར་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད།

«བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་བསྡུ་སྒྲིག་ཞིབ་འཇུག་བྱ་ཐབས»དེབ་གསར་སྒོར་ཐོན་པ།

        དཔེ་དེབ་འདི་ནི་གཙོ་བོ་བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་ཁག་མྱུར་སྐྱོབ་དང་། ཕྱོགས་སྒྲིག །བསྡུ་ལེན། ཞིབ་འཇུག་སོགས་བྱ་བའི་དགོས་པ་གཙོ་བོར་བཟུང་སྟེ། སྲོལ་རྒྱུན་ཡིག་ཚང་བསྡུ་སྒྲིག་གི་རྨང་གཞིའི་ཐོག་དེང་དར་གྱི་ཐབས་ལམ་དང་རིག་པ་ཁག་གཅིག་ཚུར་ལེན་གྱིས་བཅོས་སྒྲིག་ཞུས་པ་ཡིན་ཞིང་། བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་སྤྱི་དང་ཡང་སྒོས་དཔེ་རྙིང་ཁག་ལ་སློབ་སྦྱོང་རྒྱུས་ལོན་དང་། དཔེ་རྙིང་བསྡུ་སྒྲིག་དང་རྩོམ་སྒྲིག་པར་སྐྲུན་སོགས་ཀྱི་ཞིབ་འཇུག་ལས་དོན་ལ་མཁོ་ཆེ་བ་ཞིག་ཡིན།

        རྩོམ་སྒྲིག་པའི་ངོས་ནས་བརྗོད་ན་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ནས་རྩོམ་སྒྲིག་པ་གཙོ་བོའི་འགན་འཁུར་ཞིང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དགེ་རྒན་བསོད་ནམས་མཚོ་མོ་སོགས་དང་། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་དགེ་རྒན་པད་མ་བཀྲིས་སོགས་མཉམ་རུབ་ཀྱིས་བོད་ཀྱི་གནའ་དཔེ་སྤྱིའི་འགྲོས་དང་མཐུན་པར་རྩོམ་སྒྲིག་ལེགས་གྲུབ་ཞུས་པ་ཞིག་ཡིན།

«བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་བསྡུ་སྒྲིག་ཞིབ་འཇུག་བྱ་ཐབས»དེབ་གསར་སྒོར་ཐོན་པ།

        ནང་དོན་གྱི་ཐད་ནས་དཔེ་དེབ་འདིར་གསོ་རིག་ཡིག་ཚང་གི་སྤྱི་ཁོག་གླེང་གཞི་དང་། བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་གི་ཁུངས་སྣེ་དང་འབྱུང་ཁུངས། གསོ་རིག་ཡིག་ཚང་ལས་གནའ་དཔེའི་སྐོར། གསོ་རིག་ཡིག་ཚང་ལས་གནའ་དཔེ་བསྡུ་སྒྲིག་གི་ཐབས་ལམ་བཅས་ཁྱོན་ནང་དོན་ཆེ་བ་ཁག་བཞིའི་སྒོ་ནས་གསོ་རིག་ཡིག་ཚང་བསྡུ་སྒྲིག་གི་དོན་རྣམས་བརྗོད་པར་བྱས་ཡོད་དེ།

«བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་བསྡུ་སྒྲིག་ཞིབ་འཇུག་བྱ་ཐབས»དེབ་གསར་སྒོར་ཐོན་པ།«བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་བསྡུ་སྒྲིག་ཞིབ་འཇུག་བྱ་ཐབས»དེབ་གསར་སྒོར་ཐོན་པ།

        ལེའུ་དང་པོ་གླེང་གཞིའི་ནང་དུ་ཡིག་ཚང་དང་ཡིག་ཚང་རིག་གཞུང་། བོད་ཀྱི་གསོ་རིག་ཡིག་ཚང་དང་བོད་ཀྱི་གསོ་རིག་ཡིག་ཚང་རིག་གཞུང་གཉིས་ཀྱི་ངེས་ཚིག་དང་། འཕེལ་རིམ། ཞིབ་འཇུག་གི་རིན་ཐང་། ལས་འགན་སོགས་མདོར་བསྡུས་ཀྱིས་བསྟན་ཡོད།

        ལེའུ་གཉིས་པ་བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་གི་ཁུངས་སྣེ་དང་འབྱུང་ཁུངས་ཞེས་པའི་ནང་དུ་ལོ་རྒྱུས་དུས་རབས་མི་འདྲ་བའི་ནང་བྱུང་བའི་བོད་ཀྱི་གསོ་རིག་གནའ་དཔེ་མི་འདྲ་བ༥༨༠ཙམ་གྱི་རྩོམ་པ་པོ་དང་། བརྩམས་པའི་དུས། གཙོ་བོའི་ནང་དོན་དང་སོ་སོའི་ཁྱད་ཆོས་སོགས་བརྗོད་ཡོད།
        ལེའུ་གསུམ་པ་བོད་ཀྱི་གསོ་རིག་ཡིག་ཚང་ལས་གནའ་དཔེ་ཞེས་པའི་ནང་དུ་གསོ་རིག་གནའ་དཔེའི་འབྲི་རྫས་དང་། དཔེ་གཟུགས། ཐེམ་བྱང་། མཆན་འགྲེལ། མཛད་བྱང་། ལྷེ་ལྷའི་རི་མོ་སོགས་ཀྱི་ངོ་བོ་དང་། དབྱེ་བ། ཁྱད་ཆོས། དེས་ཐོན་པའི་ནུས་པ་སོགས་ད་ལྟ་ལག་འབྱོར་ཐུབ་པའི་གནའ་དཔེ་དག་ལ་སྦྱར་ཏེ་གང་ཐུབ་གྱིས་འགྲེལ་བརྗོད་བྱས་ཡོད།
        ལེའུ་བཞི་པ་བོད་ཀྱི་གསོ་རིག་ཡིག་ཚང་ལས་གནའ་དཔེ་བསྡུ་སྒྲིག་གི་ཐབས་ལམ་ཞེས་པའི་ནང་དུ་གསོ་རིག་གནའ་དཔེ་ཞུ་དག་བྱ་ཐབས་དང་། གསོ་རིག་གནའ་དཔེའི་མཆན་འགོད་བྱ་ཐབས། ཁ་ཐོར་གནའ་དཔེའི་བསྐྱར་སྒྲིག་ཐབས་ལམ། གསོ་རིག་གནའ་དཔེའི་དཔྱད་བརྗོད་འགོད་ཐབས། གསོ་རིག་གནའ་དཔེ་དཔར་མའི་དཔེ་སྐྲུན་བྱ་ཐབས། གསོ་རིག་གནའ་དཔེའི་ཕྱོགས་སྒྲིག་བྱ་ཐབས། གསོ་རིག་གནའ་དཔེའི་འཚོལ་བཤེར་དཀར་ཆག་འགོད་ཐབས། གསོ་རིག་གནའ་དཔེའི་ནང་དོན་སྒྲིག་སྟངས། གསོ་རིག་གནའ་དཔེའི་པར་གཞི་མི་འདྲ་བར་ཞིབ་འཇུག་བྱ་ཐབས་སོགས་དེང་དར་གྱི་རིག་པ་དང་འབྲེལ་ནས་བརྗོད་ཡོད་ཅིང་། དེ་དང་ལྷན་ཅིག་གངས་ཅན་གསོ་རིག་བསྟན་པའི་ཉིན་བྱེད་མཁས་དབང་གོ་འཇོ་དབང་འདུས་མཆོག་གིས་མཛད་པའི་དཔལ་ལྡན་རྒྱུད་བཞིའི་པར་གཞི་སྣ་ཚོགས་ཇི་ལྟར་བྱུང་ཚུལ་གྱི་གཏམ་དཔྱོད་ལྡན་ཡིད་གསོས་ཞེས་པས་ཁ་བརྒྱན་ཏེ་བོད་ཀྱི་གསོ་བ་རིག་པའི་ཡིག་ཚང་བསྡུ་སྒྲིག་ཞིབ་འཇུག་བྱ་ཐབས་ཀྱི་ནང་དོན་གང་ཐུབ་ཀྱིས་འཐུས་ཚང་ཡོང་བར་ཞུས་ཡོད།


  • ལེ་ཚན་སྔོན་མ།:ཀླུ་མོ་འཚོས་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས།
  • ལེ་ཚན་རྗེས་མ།:འཐུས་མིའི་བགྲོད་ལམ་ཐོག་གི་གྲངས་ཉུང་མི་རིགས་ཚོའི་གཏམ་རྒྱུད།
  • དོ་སྣང་ཆེ་བའི་རྩོམ།