དྲན་དཀྱིལ་འབྲོག་མོའི་སྣང་བརྙན།

ཁྲི་ཟླ་གཞོན།        2022-03-09

དམར་གསར་འཇའ་ཚོན་བརྩེགས་པའི་གུར་ཁྱིམ་ན།།

འཛུམ་པའི་རྦ་རླབས་གཡོ་བའི་ཚེམས་ཕྲེང་ཅན།།

མཚོ་བྱུང་ལྷ་ཡི་སྲས་མོ་དབྱངས་ཅན་མ།།

དུས་གསུམ་འབྲལ་མེད་ངག་ལ་བྱིན་གྱིས་རློབས།།

ཟོལ་བཅོས་གཡོ་བའི་སྤྲིན་པས་མ་བསླད་ཅིང་།།

ནག་ནོག་དྲི་མས་མ་གོས་བསིལ་སྦྱིན་མ།།

ཆུང་འདྲིས་ཤ་འདྲེས་པགས་འདྲེས་ཡིད་འོང་མར།།

མ་བཅོས་སྙིང་གཏམ་ཚིག་གི་མཆོད་ཁ་འཕེན།།

སྙན་པའི་ངག་ལ་དབྱངས་ཀྱི་འགྱུར་ཁུག་གསལ།།

འཛུམ་པའི་མདངས་ལ་འཁྲེང་བའི་ཉམས་འགྱུར་འཁྲུངས།།

བདེ་མོ་གཏམ་ལ་ཁ་མཚར་ཀུ་རེས་རྒྱན།།

དྲན་དཀྱིལ་འབྲོག་མོར་བརྩེ་བའི་འཕྲིན་པ་འབྲི།།

བསམ་དཀར་འོ་མའི་རྒྱ་མཚོ་དཀྲུགས་པ་ལས།།

དངོས་གཏམ་མར་གྱི་དམ་ཚིག་འཁྲུངས་པ་སྟེ།།

འཆི་ཡང་མི་འགྱུར་སྲུང་བའི་མཛའ་ན་མོ།།

འབྲོག་སྦྲའི་ཁ་འཚུབ་བར་གྱི་ཁོ་མོ་གླེང་།།

གོམ་གསུམ་གོམ་པས་མེ་ཏོག་ཟིལ་བ་གཏོར།།

ཕྱིར་འཁོར་མིག་གིས་སྟག་ཤར་ཡིད་སེམས་བཟི།།

སྙན་མོ་དགོད་སྒྲས་ཉེ་རྒྱང་སྤྲོ་བ་ཡི།།

འབྲོག་གི་བུ་མོ་ལྷ་ཡི་སྲས་མོ་ཡིན།།

ཕྲ་མོ་པིར་གྱིས་སྨིན་མ་མ་བྲིས་ཤིང་།།

སྐྱ་བོ་རྡུལ་ཕྱེས་ཞལ་བཞིན་མ་གཡོགས་པ།།

རང་བྱུང་ལྷུན་གྲུབ་དམར་གྱི་མཛེས་པ་ཅན།།

མཐོ་སྒང་གངས་ཀྱི་སྲས་མོ་གཉེན་དུ་སློང་།།


  • ལེ་ཚན་སྔོན་མ།:ནང་སེམས་ཀྱི་དྲན་པ།
  • ལེ་ཚན་རྗེས་མ།:སློབ་ཕྲུག་ལ་ཕུལ་བའི་སྙིང་གཏམ།